གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༠༨ཉིན།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་བསྟུད་མར་ཟླ་དགུའི་རིང་ཇེ་མཐོར་འགྲོ་ངེས་པའི་ཚུལ་བསྟན།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་སྤེལ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། ཟླ་གཉིས་པར་འཛམ་གླིང་ཡོངས་ཀྱི་ཟས་རིགས་ཀྱི་རིན་གོང་བསྟུད་མར་ཟླ་ངོ་དགུ་བར་ཇེ་མཐོར་སོང་བ་དང་། དེའི་ནང་ཀ་ར་དང་སྐྱེ་དངོས་སྣུམ་གྱི་རིན་གོང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད་ཟེར། 
        སྙན་ཞུ་ལས་མངོན་པ་ལྟར་ན། ཟླ་གཉིས་པར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཟས་རིགས་རིན་གོང་གི་དམིགས་ཚད་བརྒྱ་དང་བཅུ་དྲུག་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་ལྔ་འཕར་ཡོད། དེའི་ནང་ཀ་རའི་རིན་གོང་འཕར་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་བཞི་ཡིན་པ་དང་། སྐྱེ་དངོས་སྣུམ་གྱི་རིན་གོང་འཕར་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་ལ་བསླེབས་ཏེ། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཞི་བའི་ཚུན་གྱི་ཆེས་མཐོའི་ཆུ་ཚད་དུ་བསླེབ་ཡོད། འོ་ཞོའི་ཐོན་རྫས་དང་འབྲུ་རིགས། ཤའི་རིགས་ཀྱི་རིན་གོང་དམིགས་ཚད་སོ་སོར་བརྒྱ་ཆའི་གཅིག་དང་གྲངས་ཆུང་བདུན་དང་། བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས། བརྒྱ་ཆའི་ཐིག་དང་གྲངས་ཆུང་དྲུག་བཅས་འཕར་ཡོད་པ་རེད། 
        འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་དེར་ཉིས་སྟོང་ཉི་ཤུ་ལོའི་འཛམ་གླིང་ལོ་ཏོག་ཐོན་ཚད་ཀྱི་སྔོན་དཔག་སྙན་ཞུ་ལས་ཏུན་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་དྲུག་ས་ཡ་གཅིག་ལ་འཕར་ཡོད་པ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་འཕར་ཡོད་པར་མ་ཟད། ཉིས་སྟོང་ཉེར་གཅིག་ལོར་འཛམ་གླིང་ཡོངས་ཀྱི་གྲོ་ལ་བསྟུད་མར་ལོ་གསུམ་པར་ཐོན་ཚད་འཕར་སྣོན་བྱུང་ནས་ཏུན་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཐུབ་པར་སྔོན་དཔག་བྱས་ཡོད། 
        འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟས་རིགས་རིན་གོང་གི་དམིགས་ཚད་ཟླ་རེར་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། དེས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཁྲོད་ཆེས་རྒྱུག་ཆེ་བའི་ཟས་རིགས་ཐོན་རྫས་ཀྱི་རྒྱལ་སྤྱིའི་རིན་གོང་འགྱུར་ལྡོག་དོ་མཉམ་ཡོང་བར་བྱེད་བཞིན་ཡོད། དམིགས་ཚད་དེ་ནི་ལོ་ཏོག་དང་སྐྱེ་དངོས་སྣུམ། འོ་ཞོའི་ཐོན་རྫས། ཤ་རིགས། ཀ་ར་བཅས་ཐོན་རྫས་ལྔའི་རིན་གོང་དམིགས་ཚད་ཀྱི་ཆ་སྙོམས་གྲངས་ཚད་ཀྱིས་གྲུབ་ཡོད་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1