བོད་ལྗོངས་ཀྱིས2035ལོར་སླེབས་སྐབས་སྤྱི་ལེ5600ཟིན་པའི་མཐོ་རིམ་གཞུང་ལམ་བསྐྲུན་རྒྱུའི་འཆར་འགོད་བཟོས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-08


        བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚེས3ཉིན་བསྡུས་པའི་ལོ་འཁོར་གྱི་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ས་གནས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར2516ལེགས་འགྲུབ་བྱུང་བ་དང་། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི11.88ལ་སླེབས་པས་ལོ་རེར་ཆ་སྙོམས་ཀྱི་སྤྱི་ལེ8100འཕར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། གཞུང་ཕྱོགས་ཀྱིས2035ལོར་སླེབས་སྐབས་སྤྱི་ལེ5600ཟིན་པའི་མཐོ་རིམ་གཞུང་ལམ་བསྐྲུན་རྒྱུའི་འཆར་འགོད་བཟོས་ཡོད། 
        བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆིང་གིས་འདས་ཟིན་པའི་ལོ་ལྔའི་རིང་། བོད་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲོད་ཀྱི་གསུམ་ཆའི་གཅིག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་བཏང་ཡོད་ལ། ཀྲུང་གོའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱབ་སྐྱོར་མ་དངུལ་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལས་ཆེས་ཆེར་འཕར་ཡོད་པ་གསལ་བོར་བསྟན་ཡོད་ཅེས་མཚམས་སྦྱོར་བྱས། 
        ཚོགས་འདུའི་ཐོག་བསྟན་དོན། 2035ལོའི་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་རྒྱང་རིང་དམིགས་འབེན་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ་དང་། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ། བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་མྱུར་བགྲོད་གཞུང་ལམ་གཞི་རྩའི་ཆ་ནས་བསྐྲུན་པ། གྲོང་ཁྱེར་དང་ས་ཁུལ་ཚང་མར་མཐོ་རིམ་གཞུང་ལམ་སྦྲེལ་མཐུད་བྱས་ཡོད་པ་བཅས་མངོན་འགྱུར་བྱ་རྒྱུ་རེད།
        མ་འོངས་པའི་ལོ5རིང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4498.7གཏོང་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར1900ལྷག་ཙམ་ལེགས་འགྲུབ་བྱ་རྒྱུ་རེད། 2025ལོར་སླེབས་སྐབས་བོད་ལྗོངས་ཀྱིས་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་དང་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སོ་སོར་སྤྱི་ལེ་ཁྲི12དང་སྤྱི་ལེ1300ལས་བརྒལ་ཏེ་ལྷ་ས་ལྟེ་བར་བྱས་པའི་དུས་ཚོད3རིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པར་བརྩོན་ལེན་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1