ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་ནང་ཕེབས་སྐབས་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-08


ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་ནང་ཕེབས་སྐབས་འདི་ལྟར་གསུངས།


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་ཞུགས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་སྐབས། གོང་འཕེལ་གྱི་འདུ་ཤེས་གསར་པ་ནི་སྤྱི་ཡོངས་ཤིག་ཡིན་པས། ངེས་པར་དུ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ལག་བསྟར་བྱས་ནས། གོང་འཕེལ་གྱི་གནས་སྟངས་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་གང་ཐུབ་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་དང་དཔེ་བཟང་རང་སྐྱོང་ལྗོངས་ཀྱི་བླ་ན་མེད་པའི་མཚན་སྙན་ལ་གཅེས་འཛིན་ལྡབ་བརྒྱ་དང་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་གནས་བབ་ཆེན་པོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཡོན་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་དགོས་པའི་ནན་སྟོན་གནང་ཡོད་པ་རེད། ནང་སོག་འཐུས་མི་ཚོགས་པའི་ནང་དམངས་གཙོའི་རྣམ་པས་ཕྱུག་ཡོད་པ་རེད། ཀྲང་ཞའོ་པིན་དང་། ནཱ་རེན་ཐུའུ་ཡ། ཀེ་མིང་། ཀྲོའུ་དབྱི་ཀྲེ། ལི་གོ་ཅིན་སོགས་འཐུས་མི་5ཡིས་ཁག་སོ་སོར་ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་གྱི་དེང་རབས་ཞིང་ལས་གོང་འཕེལ་གཏོང་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་བེད་སྤྱོད་ཁྱབ་གདལ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་གཅིག་བསྡུས་དང་། རུབ་བསྡུས། ལེགས་བསྡུས་ཞིབ་གཉེར་བཅས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ཏ་ཤིང་ཨན་རི་རྒྱུད་ཀྱི་ལྗང་མདོག་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་སྤེལ་གནང་བ་རེད། ཞི་ཅིན་ཕིང་གིས་སྐབས་སྐབས་སུ་ཚང་མ་དང་བཀའ་མོལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་ནང་ཕེབས་སྐབས་འདི་ལྟར་གསུངས།

        ཚང་མའི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་རེད། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཡོངས་སུ་མོས་མཐུན་གནང་བ་དང་།  ལོ་གཅིག་རིང་གི་ནང་སོག་གི་ལས་ཀར་ཁས་ལེན་གང་ལེགས་གནང་ཞིང་།  ནང་སོག་གི་བློ་མཐུན་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་དང་།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས། གོང་འཕེལ་གྱི་དུས་རིམ་གསར་པར་གཞི་རྐང་འཛུགས་པ་དང་།  གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ་བཅས་བྱེད་དགོས་པ་དང་། ནང་སོག་དེ་རང་རྒྱལ་བྱང་ཕྱོགས་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་གལ་ཆེན་ཞིག་དང་། མེས་རྒྱལ་བྱང་ཕྱོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་ར་ལ་འགྱུར་བ་བྱེད་པ། རྒྱལ་ཁབ་ཀྱི་ནུས་ཁུངས་དང་འཐབ་ཇུས་ཐོན་ཁུངས་རྟེན་གཞི་གལ་ཆེན་དང་། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞིར་འཛུགས་སྐྲུན་བྱེད་པ། རང་རྒྱལ་གྱིས་བྱང་ལ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་གཏོད་པའི་གལ་ཆེན་གྱི་འཐབ་ཇུས་ཀྱི་ངེས་གནས་བཅས་ལ་གཞིགས་ཏེ། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ནད་ཡམས་ཕྱི་ནས་འགོ་རྒྱུ་དང་ནང་དུ་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་བྱེད་པའི་ལས་དོན་ལེགས་པོ་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནང་སོག་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་བ་རེད། ཞི་ཅིན་ཕིང་གིས། ནང་སོག་གིས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གནས་བབ་གསར་པ་འཛུགས་པའི་ཁྲོད་ཀྱི་གནས་ཐིག་ཡང་དག་འཚོལ་དགོས། རང་ཉིད་ཀྱི་དགེ་མཚན་ལྡན་པའི་ཁྱབ་ཁོངས་དང་ཞན་ཆ་དང་མི་འདང་བའི་སར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་ཐོན་ལས་དང་གཙོ་གནད་ཐོག་འབད་འཐབ་བྱེད་པའི་ཁ་ཕྱོགས་སྔར་ལས་ཁ་གསལ་བཟོ་བ། འབྲེལ་ཡོད་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དགེ་སྤེལ་སྐྱོན་སྤོང་དང་བཟང་སྤེལ་ཕན་སྣོན་ལ་དོ་སྣང་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲུབ་གཞི་ལེགས་སྒྲིག་དང་། བྱེད་ནུས་ཁ་བསྒྱུར། སྤུས་ཚད་མཐོར་གཏོང་བཅས་བྱེད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་ལ་དམ་པོར་དམིགས་ནས་གསར་གཏོད་ཀྱི་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།ཞི་ཅིན་ཕིང་གིས། ནང་སོག་གིས་དབུལ་སྒྲོལ་འགག་གཏོར་དམིགས་འབེན་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད་པ་དེ་ནི་དགའ་འོས་པ་དང་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། དབུལ་སྒྲོལ་ཞྭ་འབུད་དེ་མཐའ་མའི་ས་ཚིགས་ཤིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་གསར་པ་ཞིག་རེད། གོང་འཕེལ་དོ་སྙོམ་པོ་མེད་པ་དང་འཐུས་ཆ་ཚང་པོ་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ། མིའི་ཁྱོན་ཡོངས་ཀྱི་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་ལས་འགན་སྔར་བཞིན་ལྕི་ལ་ལམ་ཐག་རིང་པོ་ཡོད། ནང་སོག་ནི་ས་རྒྱ་ཆེ་ལ་མི་ཉུང་བ་དང་། ཞིང་འབྲོག་པའི་འཚོ་སྡོད་ཁུལ་ཅུང་ཁ་ཐོར་དུ་གནས་པ། འབྱུང་ཁམས་ཁོར་ཡུག་གཉོད་ཆུང་བ་བཅས་ཀྱི་རྐྱེན་ལས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། ཤང་གྲོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དཀའ་ཚེགས་ཆེ་ལ་འགྲན་སློང་མང་པོ་འཕྲད་རྒྱུ་ཡིན་པས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་པའི་གནས་ཚུལ་མ་ཐོན་པ་བྱེད་པའི་མཐའ་ཐིག་མཐའ་གཅིག་ཏུ་སྲུང་དགོས་པ། ཁྱད་ལྡན་བཟང་ཆའི་ཐོན་ལས་གོང་འཕེལ་གཏོང་བ་དང་། གཞི་ཁྱོན་འོས་འཚམས་ཀྱི་ཁེ་གཉེར་གོང་འཕེལ་གཏོང་བ། ཞིང་འབྲོག་ལས་ཐོན་ལས་ཅན་དང་སྤུས་རྟགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཆབས་ཅིག་རིག་གནས་ཡུལ་སྐོར་དང་ཤང་གྲོང་ཡུལ་སྐོར་ཟུང་འབྲེལ་གྱིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ནང་སོག་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ནས། མེས་རྒྱལ་བྱང་ཕྱོགས་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་བརྟན་པོ་འཛུགས་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་འགྲོར་བརྩི་བ་དང་། སྦགས་མེད་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས། མུ་མཐུད་སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་དག་ནུས་ཕྱོད་ཆེན་པོའི་ཐོག་ནས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་སྦགས་མེད་ཅན་དུ་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྦགས་མེད་ཐོན་སྐྱེད་གོང་འཕེལ་དང་། སྦགས་མེད་ཐཱན་ཉུང་གོང་འཕེལ་གང་མགྱོགས་མངོན་གྱུར་ཡོང་བ་བཅས་བྱ་དགོས། རི་ཆུ་ནགས་ཞིང་མཚེའུ་མཚོ་རྩྭ་བྱེ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་།  འབྱུང་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ནས། འབྱུང་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོར་འདེགས་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་ནང་ཕེབས་སྐབས་འདི་ལྟར་གསུངས།

        ཞི་ཅིན་ཕིང་གིས། ནང་སོག་དེ་ཉིད་རང་རྒྱལ་གྱི་མི་རིགས་རང་སྐྱོང་ལྗོངས་འཛུགས་སྔ་ཤོས་ཡིན་པའི་ངོས་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་ཡོད་ཅིང་། དུས་ཡུན་རིང་པོའི་ནང་མིག་དཔེའི་རང་སྐྱོང་ལྗོངས་ཞེས་པའི་བླ་མེད་ཀྱི་མཚན་སྙན་ཡོད་པས། དེར་གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་རྒྱུན་འཁྱོངས་མུ་མཐུད་བྱེད་དགོས། ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གཏོང་བར་དམིགས་ཏེ། རྒྱ་རིགས་ནི་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་བྲལ་ཐབས་མེད་པ་བཅས་བློ་ལ་བརྟན་པོར་ངེས་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་བས་ཞིབ་ཅིང་ཚགས་པ་ཡོང་བ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ནས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་གཅིག་མཐུན་ཤུགས་ཆེར་གཏོང་དགོས་ཞེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་བང་རིམ་ཆེས་ཟབ་ཤོས་ཀྱི་ངོས་འཛིན་གཅིག་མཐུན་དེ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་དགོས་པ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སློབ་གསོ་སྤེལ་དགོས་པ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་ནས་བཟུང་སློབ་གསོར་དམ་འཛིན་བྱེད་དགོས། རྒྱ་ཆེའི་ལས་བྱེད་མང་ཚོགས་ནས་ཏང་གི་མི་རིགས་སྲིད་ཇུས་ལ་ཁྱོན་ཡོངས་ནས་གོ་བ་ལོན་པ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས་པ་དང་། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས་པ་དང་། དར་ཆ་གསལ་འདོན་གྱི་སྒོ་ནས་བསམ་བློ་དང་ལྟ་ཚུལ་ནོར་འཁྲུལ་ཅན་ལ་ངོ་རྒོལ་བྱེད་དགོས་པ་དང་། མཛེས་སྡུག་རྣམ་པར་བཀྲ་བའི་ནང་སོག་འཛུགས་སྐྲུན་དང་། ཀྲུང་གོའི་ཕུགས་འདུན་རླབས་པོ་ཆེ་ཐུན་མོང་ཐོག་སྒྲུབ་པའི་མཉམ་ཤུགས་གཅིག་བསྡུས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཟིན་པས་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་དགོས། ཡོད་ཚད་མདུན་དུ་སྐྱོད་ཀྱང་། བསྐྱོད་མྱོང་བའི་ལམ་བུ་བརྗེད་མི་རུང་ཞིང་། རྒྱང་ཐག་ཇི་ཙམ་རིང་པོར་བསྐྱོད་པ་དང་། ཇི་འདྲའི་འོད་སྟོང་བཀྲ་བའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཀྱང་། བསྐྱོད་མྱོང་བའི་འདས་སོང་བརྗེད་མི་རུང་ལ། མདུན་སྐྱོད་བྱེད་དགོས་པའི་རྒྱུ་མཚན་ཡང་བརྗེད་མི་རུང་། ཏང་བཙུགས་པའི་ཐོག་མའི་དུས་མཚམས་སུ། རང་རེའི་ཏང་གིས་མི་རིགས་གནད་དོན་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། བློ་མཐུན་ལི་ཏ་ཀྲའོ་ཡིས་སོག་རིགས་མང་ཚོགས་ཁྲོད་མར་ཁེ་སི་རིང་ལུགས་ཁྱབ་སྤེལ་དང་གུང་ཁྲན་རིང་ལུགས་ཀྱི་སྔོན་ཐོན་པ་གསོ་སྐྱོང་བྱེད་པའི་ལས་དོན་ལ་ཐད་ཀར་འགོ་ཁྲིད་གནང་བ་དང་དེའི་ཁྲོད་ཞུགས་ཡོད། སྤྱི་ལོ་1923ལོར། ནང་སོག་ཏུ་ཨུ་ལན་ཧྥུ་ཚུད་པའི་གུང་ཁྲན་ཏང་མི་ཁག་དང་པོ་ཐོན་ཡོད། སྤྱི་ལོ་1947ལོའི་ཟླ་5པར། ཏང་གིས་འགོ་ཁྲིད་པའི་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་དང་། དེ་ཉིད་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་བཀོལ་སྤྱོད་བྱས་ནས་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ལེགས་གྲུབ་ལྡན་པའི་ལག་ལེན་དངོས་ལ་གྱུར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ནང་སོག་གིས་སེམས་ནུས་གཅིག་སྒྲིལ་གྱིས་པའོ་ཀང་བསྐྲུན་ཞེས་པ་དང་། དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་བསྐྱོད་ཅེས་པ་སོགས་ཀྱི་ལོ་རྒྱུས་ཀྱི་ངོ་མཚར་གཏམ་རྒྱུད་བརྩམས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གསར་བརྗེའི་ཐོན་ཁུངས་འདི་དག་བེད་སྤྱོད་ཡག་པོ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་གཙོ་གནད་ཐོག་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག ཀྲུང་གོ་གསར་པའི་ལོ་རྒྱུས་དང་བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་ལོ་རྒྱུས་བཅས་སློབ་སྦྱོང་བྱས་ནས། ལོ་རྒྱུས་སྦྱངས་ནས་གནས་ལུགས་ཤེས་པ་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་བརྟན་དུ་གཏོང་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་སྐྱོང་བ། ལོ་རྒྱུས་སྦྱངས་ནས་ལག་ལེན་ཐོག་འཁྱོལ་བ་བྱེད་པ། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་པ་རྟོགས་པ་བྱེད་པ། དོན་དག་དངོས་སྒྲུབ་པ། གནས་བབ་གསར་པ་གཏོད་པ་བཅས་བྱེད་དགོས་པ་དང་། ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་བསམ་བློའི་ངོས་འཛིན་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།ཏིང་ཞུའེ་ཞང་དང་། ཧོ་ལི་ཧྥེང་སོགས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1