སྡེ་དགེ་རྫོང་རྫ་བར་མ་ནས་གསའ་ཞིག་མཐོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-09




        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫ་བར་མ་ཡུལ་ཚོ་གནས་རྒན་གྲོང་པའི་ལ་ཁ་ཞིག་ཏུ། 2021ལོའི་ཟླ་བ་3པའི་ཚེས་4ཉིན་གྱི་སྔ་དྲོ་གསའ་ཁེར་རྐྱང་ཞིག་གིས་ལ་བརྒྱག་བཞིན་པའི་བརྙན་ཐུང་ཞིག་སྐུར་གྱིན་འདུག །
        གསའ་ནི་གཟིག་ཀྱི་རིགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བགྲང་བའི་སྟོང་ལ་ཉེ་བའི་གཅན་གཟན་གྱི་རིགས་ཤིག་ཡིན། མང་ཆེ་བས་འདི་ལ་གསའ་གཟིག་དང་། རྩྭ་གཟིག་སོགས་འབོད་ཀྱིན་འདུག །དེང་དུས་གངས་གཟིག་ཅེས་འབོད་སྲོལ་ཆགས་འདུག །འདི་ནི་ཁ་བ་ཆེན་པོས་རི་འགོག་བྱས་ན་མ་གཏོགས། ལྟོ་ཆས་ཆད་དེ་གངས་རི་དང་རྫ་རི་ནས་བབ་རྒྱུ་ཉུང་ཉུང་ཡིན་ཞེས་བཤད་སྲོལ་འདུག །གངས་གཟིག་གི་འཚོ་གནས་གཙོ་བོ་གངས་དང་རྫ་རི་ཡིན་ལ། མདོ་དབུས་མཐོ་སྒང་ལས་བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་བོད་ཀྱི་ས་གནས་ཁག་ལ་ཐར་ཐོར་ཡོད། ལོ་ཁ་ཤས་སྔོན་ནས་སྡེ་དགེ་རྫོང་གི་མངའ་ཁོངས་ཡིད་ལྷུང་དང་། རྫོགས་ཆེན་སོགས་ཁྲོ་ལའི་རི་རྒྱུད་ཡར་མར་ནས་གསའ་གཟིག་མཐོང་མཁན་ཁ་ཤས་བྱུང་ཡོད་ཀྱང་། མིག་སྔར་འདྲ་པར་དང་བརྙན་ཐུང་མཁོ་སྤྲོད་བྱེད་མཁན་ཞིག་བྱུང་མེད་པ་མ་ཚད། གསའ་ཡི་རིགས་ལ་དེ་འདྲའི་དོ་སྣང་བྱེད་མཁན་ཞིག་བྱུང་མེད་པས་ཡིན་པ་འདྲ། ལྷ་འབྲུག་དང་འདྲ་བའི་རྔ་མ་སྦོམ་ལ་རིང་བའི་གསའ་ཡི་རིགས་འདི་ནི། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་རིམ་པ་དང་པོའི་གྲས་སུ་བཞག་པའི་སྲོག་ཆགས་ཤིག་ཡིན་སྟབས། ང་ཚོའི་ཉེ་འཁོར་དུ་གནས་པའི་གསའ་ཡི་རིགས་འདི་དག་ལ་ཅི་ནུས་གང་ཐུབ་གྱིས་ཁོ་ཚོའི་འཚོ་གནས་ལ་འགན་རེ་ཁུར་རྒྱུ་ནི་ང་ཚོའི་འོས་འགན་ཞིག་མིན་ནམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1