གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ལས་མགོ་བསྐྱར་དུ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-10



འཛམ་གླིང་གི་ནང་འཇུག་ཕྱིར་འབུད་ཀྱི་མཚོ་འཕགས་ཧེ་བག་ཆེ་ཤོས་ཀྱི་ཕུག་ལམ་ད་ལོར་དབུག་ཐུབ་རེ་ཡོད།

གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ལས་མགོ་བསྐྱར་དུ་བཙུགས།

གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་ལམ།


སྤྱི་ཟླ2པའི་ཚེས20ཉིན་གསར་འགོད་པས་དར་མདོའི་ཕག་མོ་རིའི་ཕུག་ལམ་གྱི་ཟབ་ས་ནསLEDགློག་སྒྲོན་གྱི་གསལ་ཆ་འོག་ཨར་ལས་སྟེགས་འཁོར་གྱི་སྟེང་དུ་བཟོ་པ9ཡིས་རླུང་གསོར་གྱིས་བྲག་ངོས་འབིགས་བཞིན་འདུག་ཅིང་། ས་འོག་ལྕགས་ལམ་དང་འདྲ་བའི་མྱུར་བགྲོད་གཞུང་ལམ་ཞིག་རིམ་བཞིན་སྣུར་སྲིང་བྱེད་བཞིན་པ་མཐོང་།

ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས9ཡི་ཕྱི་དྲོར། ཕག་མོ་རིའི་ཕུག་ལམ་དང་པོའི་གཡོན་ཕུག་ཏུ་ལྕགས་མོ་གླང་ལོའི་ཨར་སྐྲུན་འབར་གཏོར་དང་པོ་བྱས་པ་ལས་དཔྱིད་གསར་དུས་ཆེན་རྗེས་ལ་ལས་གཞི་དེ་ལས་མགོ་བསྐྱར་དུ་ཚུགས་པའི་བརྡ་བཏང་ཡོད། དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་གསེར་གཞོང་ལུང་གྲོང་སྡེར་གནས་པའི་ཨར་ལས་བྱ་ཡུལ་དུ། སི་ཁྲོན་འགྲིམ་འགྲུལ་མ་འཇོག་འཛུགས་སྐྲུན་ཨར་ལས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དར་མདོ་ནས་ར་རྔ་ཁ་བར་གྱིK1-1ལས་གཞིའི་གཉེར་དཔོན་གཞོན་པ་ཝུའེ་ཧུང་པིན་གྱིས་སྤྲོ་སེམས་ཆེན་པོས་བཀོད་འདོམས་བྱེད་བཞིན་པ་དང་། ཁོས་ད་ལོར་སྔ་ཙམ་ལས་མགོ་ཚུགས་པའི་རྒྱུ་མཚན་ནི་ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དུས་ཚོད་ཆད་གསབ་བྱ་ཆེད་ཡིན་ཞིང་། ཚང་མས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱས་ནས་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་སྔ་ཙམ་བསྒྲལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ཝུའེ་ཧུང་པིན་གྱིས་བཤད་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅེས་པ་ནི་གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས་ལས་ཕག་མོ་རིའི་ཕུག་ལམ་དང་པོ་དེ་ལ་ཟེར་བ་ཡིན་ཞིང་། ཕུག་ལམ་དེའི་རིང་ཚད་ལ་སྨི8780ཡོད་པ་དང་ནང་འཇུག་ཕྱིར་འབུད་ཀྱི་ཧེ་བག་མཐོ་ཚད་ལ་སྨི222ཡོད་པས་འཛམ་གླིང་མྱུར་བགྲོད་གཞུང་ལམ་ཕུག་ལམ་གྱི་ཆེ་ཤོས་ཡིན་པ་རེད།

ཝུའེ་ཧུང་པིན་གྱིས་སྨི222ཏེ་མཐོ་ཚད་ལ་ཧ་ལམ་ཐོག་རྩེག80ཡོད་པའི་ཁང་པ་ཞིག་དང་འདྲ་ཞིང་། ནང་འཇུག་ནས་ཕྱིར་འབུད་བར་ལ་གལ་ཏེ་ཚང་མ་དྲང་ཐིག་གིས་བསྐྱོད་པ་ཡིན་ན་གཟར་ཚད་དེ་མྱུར་བགྲོད་གཞུང་ལམ་དུ་འཁོར་རིགས་རྒྱུག་པའི་བླང་བྱ་དང་གཏན་ནས་མཐུན་གྱི་མེད། དེར་བརྟེན་ཇུས་འགོད་བྱེད་སྐབས་ཆེད་དུ་གྱུ་ཁུག་ཅིག་བཟོས་ཏེ་རྐང་བཙུགས་ནས་རིང་དུ་བཏང་བའི་ཕུག་ལམ་ཞིག་ཡིན་ཞེས་བཤད། ཁོ་རང་ལ་མཐོ་སྒང་དུ་གཞུང་ལམ་སྐྲུན་པའི་ཉམས་མྱོང་ཡོད་མོད། འོན་ཀྱང་ཁོས་གཞུང་ལམ་དེའི་ཇུས་འགོད་ལ་ཧ་ལས་བཞིན་ཡོད། ཕག་མོ་རི་ཕུག་ལམ་གཉིས་པའང་ཕུག་ལམ་དང་པོའི་ཇུས་འགོད་དང་འདྲ་ཞིང་དེ་གཉིས་ལསSགཟུགས་དབྱིབས་ཤིག་རང་ཤུགས་སུ་གྲུབ་ཡོད་པ་རེད།

ཇུས་འགོད་དེ་ནི་གནམ་སྐས་བརྩིགས་པ་ལྟ་བུའི་ལས་གྲྭ་ཞིག་ཡིན་པ་ལས་སྟབས་བདེའི་དཔེ་རིས་ལ་བལྟས་ནས་སྐད་ཆ་ཤོད་པའི་ལས་གྲྭ་ཞིག་མིན། ཕག་མོ་རི་ཕུག་ལམ་ནང་འཇུག་ལས་ཡུལ་གྱི་སྤྱི་ཁྱབ་བཟོ་པ་ལི་ཅིན་ཡུང་གིས་ཕུག་ལམ་སྔོག་པའི་སྐོར་གླེང་སྐབས་ཁོས་ཨར་ལས་ལ་འཕྲད་པའི་དཀའ་ངལ་ཆེས་ཆེ་བ་ནི་གློ་བུར་དུ་ཐོན་པའི་གནས་ཚུལ་ཡིན་ཏེ། དཔེར་ན་ཨར་ལས་བྱ་ཡུལ་དུ་བྲག་གོག་པ་དང་ཆུ་རྡོལ་བ། ས་གད་པ། རླངས་ངེས་མེད་ཐོན་པ་བཅས་རེད། ས་ཁུལ་དེ་དག་གི་ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བས་གློ་བུར་དུ་ཐོན་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད། སྟབས་ལེགས་པ་ཞིག་ལ་ང་ཚོའི་སྔོན་བཀོད་ཇུས་གཞི་ཆ་ཚང་ཞིང་བེད་སྤྱོད་ཡག་པོ་བྱས་པར་བརྟེན་གཞི་ནས་ཨར་ལས་མི་སྣའི་བདེ་འཇགས་འགན་ལེན་ཐུབ་ཡོད་ཅེས་བཤད།

ཝུའེ་ཧུང་པིན་གྱིས་སྔོན་དཔག་བྱས་ན། འདི་ལོ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་འཕེལ་རིམ་མགྱོགས་སུ་གཏང་རྒྱུ་རེད། ཕག་མོ་རི་ཕུག་ལམ་དང་པོའི་གཡས་དུང་དང་གཡོན་དུང་གི་རླུང་རྒྱུག་འཕྲེད་དོང་ལས་ཚུགས་ནས་ཕྱིར་འབུད་མཚམས་ཀྱི་དུམ་བུའི་བར་གྱི་ཨར་ལས་ལས་ཐུབ་པ་བྱ་རྒྱུ་དང་། ད་སྔའི་བར་ལས་གཞི་དེའི་ཨར་ལས་ཀྱི་བརྒྱ་ཆ50ཙམ་ལེགས་གྲུབ་ཟིན་ཡོད། ལས་གཞི་པུའུ་ཡིས་རླུང་རྒྱུག་འཕྲེད་དོང་གི་ལས་ཚུགས་ནས་ལྡོག་ཕུག་བྱེད་ཅིང་། ལས་ཀའི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་མི་སྣ་དང་སྒྲིག་ཆས་ཇེ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཨར་ལས་ཀྱི་འཕེལ་རིམ་ཁྱོན་ཡོངས་ནས་མགྱོགས་སུ་བཏང་སྟེ་འདི་ལོའི་ལོ་མཇུག་ཏུ་ཕུག་ལམ་དབུག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

ཕག་མོ་རི་ཕུག་ལམ་དང་པོ་དེ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པ་དང་དུས་མཚུངས་སུ་དར་མདོའི་གྲོང་ཁྱེར་བསྐོར་བའི་མྱུར་བགྲོད་ལམ་བུ་ཞེས་བརྗོད་པའི་དེའི་ཨར་ལས་གཞན་དག་ཀྱང་དུས་ཚོད་དམ་འཛིན་ངང་སྐྲུན་བཞིན་ཡོད། གསེར་གཞུང་ལུང་དམིགས་བསལ་ཟམ་ཆེན་གྱི་ཨར་ལས་བྱ་ཡུལ་དུ་ས་དབོར་རླངས་འཁོར་དང་དཀྲུག་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། ཟམ་ཀ་བར་གྱི་བར་ཐག་ཇེ་ཐུང་ནས་ཇེ་ཐུང་དུ་འགྲོ་བཞིན་ཡོད།

སྔོན་དཔག་བྱས་ན་ལམ་ཐག་ཧྲིལ་པོར་སྤྱི་ལེ17.8ཡོད་པའི་གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོ་བརྒལ་མཚམས2022ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། ལངས་གཟུགས་ཟམ་པ་དང་ཕུག་ལམ་བར་གྱི་བསྡུར་ཚད་བརྒྱ་ཆ94ལ་ཟིན་པའི་མྱུར་བགྲོད་གཞུང་ལམ་དེ་དང་འབྲེལ་མཐུད་བྱེད་ཡས་ནི་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་རེད། སི་ཁྲོན་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱིསG4218ལམ་ཐིག་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཞིང་ཆེན་དེ་ཡོངས་ཀྱི་གཙོ་གནད་འགྲིམ་འགྲུལ་ལས་གཞི13གྱི་གྲས་ཤིག་ཡིན་པ་དང2021ལོར་ལས་མགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

དར་མདོ་བརྒལ་མཚམས་ནི་གཡག་ཡེ་མྱུར་བགྲོད་གཞུང་ལམ(སི་ཁྲོན་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང་བར)གྱི་གྲུབ་ཆ་ཞིག་ཡིན་ལ་ཁྲེང་ཏུའུ་ནས་དར་མདོ་བར་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་ཞིག་ཀྱང་རེད། ལམ་ཐག་ཧྲིལ་པོར་སྤྱི་ལེ15ཡོད་པའི་ཕག་མོ་རི་ཕུག་ལམ་དང་པོ་དང་གཉིས་པ་ནི་དཀའ་གནད་ཆེ་བའི་ཨར་ལས་གལ་ཆེན་ཞིག་རེད། ལམ་ཐིག་ཧྲིལ་པོར་སྦྲེལ་མཐུད་བྱེད་ལམ2དང་ཞབས་ཞུ་ཁུལ1 འཁོར་ལྷས1བཅས་བཀོད་སྒྲིག་བྱས་ཡོད། ལས་གཞི་དེ་ཁྱོན་ཡོངས་ནས་འགྲོ་འོང་ཚོད་འཛིན་དང་ལངས་གཟུགས་ཧྲིལ་པོའི་ཕྱོགས་གཉིས་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1