ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་དཔལ་འབྱོར་སླར་གསོ་བྱེད་པར་དམ་བཅའ་བཞག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་ཚེས་དགུ་ཉིན་གྲོས་ཁང་ནས་སྤེལ་བའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཙུང་ཐུང་གི་འགན་ཡུན་ཐེངས་གཉིས་པའི་ནང་། ཁོས་ནོར་སྲིད་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། ཕུའུ་ཐའོ་ཡཱའི་དཔལ་འབྱོར་དེ་རིམས་ནད་ཀྱི་རྗེས་སུ་ཡང་བསྐྱར་དར་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 
        ད་ལོའི་ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་དུ། ཏི་སོ་སཱ་ལ་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་བདུན་གྱི་འདེམ་ཤོག་ཐོབ་ནས་བསྟུད་འགན་ཁུར་ཐུབ་པ་བྱུང་སྟེ། ཕུའུ་ཐའོ་ཡཱའི་དམངས་གཙོ་ལམ་ལུགས་མངོན་འགྱུར་བྱས་པའི་ཚུན་གྱི་ཙུང་ཐུང་དྲུག་པར་གྱུར། ཕུའུ་ཐའོ་ཡཱའི་ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་རེད། 
        ཏི་སོ་སཱ་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་མ་བྱུང་གོང་། ཕུའུ་ཐའོ་ཡཱའི་དཔལ་འབྱོར་འཕར་ཤུགས་ཇེ་བ་དང་། རིམ་བཞིན་སྤྱི་བའི་ནོར་སྲིད་དོ་མཉམ་ཡོང་བ་མངོན་འགྱུར་བྱུང་ཡོད་ཀྱང་། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཕུའུ་ཐའོ་ཡཱའི་དཔལ་འབྱོར་དང་སྤྱི་ཚོགས་ཐད་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར། ཁོས་འགྲོ་སའི་ཁྱིམ་མེད་པ་སོགས་བྲེལ་མྱུར་རོགས་རམ་མཁོ་བའི་མི་རྣམས་ལ་རོགས་རམ་བྱེད་རྒྱུུ་ཁས་ལེན་བྱས། 
        ཏི་སོ་སཱ་ཡིས་ད་རུང་བསྟན་དོན། ཁོའི་ལས་འགན་གཙོ་བོ་གཞན་ཞིག་ནི་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དང་རིམས་ནད་འགོས་པའི་མི་གྲངསཚོད་འཛིན་བྱེད་པ་དང་། འགོག་སྨན་བརྒྱབ་པའི་མི་གྲངས་ཇེ་མང་དུ་གཏོང་བ། ནད་དུག་ཞིབ་བཤེར་ལ་ཤུགས་སྣོན་པ་བཅས་ཡིན། ཕུའུ་ཐའོ་ཡཱ་ཡིས་རིམས་ནད་ལ་ཕན་ནུས་ལྡན་པར་ཚོད་འཛིན་ཐུབ་ཡོད་པར་དམིགས་ནས། ཁོས་རིམ་བཞིན་མིག་སྔར་ལག་བསྟར་བྱེད་པའི་ཕྱོགས་ཡོངས་བཀག་སྡོམ་སྲིད་ཇུས་ཇེ་ལྷོད་དུ་གཏོང་རྒྱུ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1