གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༢ཉིན།

སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་མཚོ་སྔོན་ཡུལ་ཤུལ་དཀར་མདའ་གྲོང་ཚོ།


   “ཁྱེད་ཀྱིས་ཡུལ་ཤུལ་བཤད་དུས། ངའི་ཕྱི་དྲན་ཞིག་སློང་བྱུང་།”ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་3ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མིའི་གྲོས་ཞིབ་ནང་ཞུགས་གནང་དུས། དམིགས་བསལ་གྱིས་གྲོང་ཚོ་ཞིག་བརྗོད་གནང་བ་རེད། ཁོང་གིས། “ས་ཡོམ་བྱུང་རྗེས། ང་རང་ཡུལ་ཤུལ་གེགས་ཁུལ་དུ་སོང་བ་ཡིན། དེ་དུས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ལྷག་ཡོད་པའི་གྲོང་ཚོ་ཞིག་ལ་སོང་བ་ཡིན། ཡུལ་དེར་གནོད་འཚེ་ཚབས་ཆེན་ཐེབས་འདུག”ཅེས་གསུངས། 
   སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་གྲོང་ཚོ་དེ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དཀར་མདའ་གྲོང་ཚོ་རེད། ད་ཆ། དཀར་མདའ་གྲོང་ཚོས་བདེ་འཇགས་དང་། སྡོད་རྒྱུར་འཚམ་པ། རང་བྱུང་། ནུས་པ་ཆ་ཚང་བ། འབྲོག་ལས་གྲོང་ཚོར་འཚམ་པ་བཅས་ཀྱི་རྩ་དོན་ལ་གཞིགས་པ་དང་། ཡུལ་བབ་དང་བསྟུན་ནས། ཚོགས་སྒྲིག་རྣམ་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཞིག་ཏུ་བསྐྱར་སྐྲུན་བྱས་ཡོད། ཡུལ་འདིའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། མི་སེར་རྣམས་བདེ་སྡོད་ལས་བརྩོན། ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་གང་སར་སྐྱེ་སྟོབས་གསར་པ་འཕེལ་བཞིན་ཡོད། 
   2010ལོའི་ཟླ་4ཚེས་14ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་རིམ་པ་7.1བྱང་བ་རེད། ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་མདོ་གྲོང་རྡལ་དཀར་མདའ་གྲོང་ཚོའི་ཁང་པ་ཚང་མ་རྡིབ་པ་རེད། 
   ས་ཡོམ་བྱུང་ནས་ཉི་མ་20སོང་རྗེས་སུ། དཀར་མདའ་གྲོང་ཚོ་ནི་ཁག་དང་པོའི་བྱ་གཞག་བསྐྱར་སྐྲུན་དུ་བཀོད་པ་རེད། 2010ལོའི་ཟླ་11པར། སྒེའུ་ཁུང་དང་རྐུན་འགོག་སྒོ་དང་དྲོད་སྲུང་པང་རྐྱལ་སྦྱར་ཞིང་། ས་འགུལ་འགོག་བྱེད་ལས་གྲུབ་པའི་ཁང་པ་གསར་པ་དེ་སྔའི་དཀར་མདའ་གྲོང་ཚོའི་ཉེ་འགྲམ་གྱི་ལ་ངོས་སུ་བསྐྲུན་ནས། དཀར་མདའ་གྲོང་ཚོའི་གྲོང་མི་རྣམས་བདེ་བླག་ངང་ཁང་པ་གསར་པའི་ནང་སྡོད་ཐུབ་བྱུང་བ་རེད། 
   ཁང་པ་གསར་པར་སྡོད་ཐུབ་ཡོད་པའི་དཀར་མདའ་གྲོང་ཚོའི་གྲོང་མི་ཚོས་ད་ཡོད་གནས་ཚུལ་ལ་ཡིད་ཚིམས་ནས་མི་སྡོད་པར་བདེ་སྐྱིད་ཀྱི་འཚོ་བ་གསར་པ་གཏོད་འགོ་ཚུགས། དཀར་མདའ་གྲོང་ཚོའི་ཡུལ་མི་ཚོས“ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་བྱ་རྒྱུ་དེ་ནི་ཏང་དང་སྲིད་གཞུང་ལ་བཅངས་པའི་དྲིན་ལན་ཡག་ཤོས་དེ་རེད།”
རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་འོག་དཀར་མདའ་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ཁྲོད་བསྐྱར་དུ་འཚར་ལོངས་བྱུང་བ་དང“དཀའ་སྤྱད་ལོ་གསུམ་བྱས་པ་དེས་ལོ་ཉི་ཤུ་བརྒལ”རྒྱུའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“དཀར་མདའི་རྣམ་པ”ཡི་འོག དཀར་མདའ་གསར་པ་འབྱོར་འབྲིང་ལམ་བུ་བརྟན་པོའི་ཐོག་་མདུན་སྐྱོད་བྱེད་བཞིན་ཡོད། 
   2010ལོའི་ཟླ་5པར་དཀར་མདའ་གྲོང་ཚོས་འབྲོག་ལས་མཉམ་ལས་ཁང་བཙུགས་ནས། དུད་ཚང་དབུལ་པོའི་མ་རྐང་བསྡུ་སྒྲིལ་གྱིས་གཅིག་སྡུད་ཐོག་གཉེར་སྐྱོང་རང་བདག་གི་བྱེད་ཐབས་ཐོག་ནས་མ་དངུལ་སྒོར་ཁྲི་149.76བཏང་སྟེ་དུད་ཚང་དུ་ཐོན་ལས་རོགས་སྐྱོར་བྱས་ཡོད། སྒོ་རྩིས་ཚོང་ཁང་། གསོ་སྤེལ་རྟེན་གཞི། རྩམ་པ་ལས་སྣོན་ཁང་། འཁྱག་མཛོད་རྟེན་གཞི། ལག་བཟོས་གྱོན་ཆས་བཟོ་ཁང་། གསོལ་སྟོན་ཁང་། མགྲོན་ཁང་སོགས་ལོ་བཅུ་ལྷག་ཙམ་རིང་། མཉམ་ལས་ཁང་གིས་རིམ་བཞིན་ཚོང་གཉེར་བྱེད་རྒྱ་ཆེ་རུ་བཏང་བ་མ་ཟད། ས་བབ་ཀྱི་ལེགས་ཆ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ལེགས་ཆ། རྩལ་ནུས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་ད་ཡོད་ཀྱི་ཐོན་ལས་གཉེར་སྐྱོང་ཤིག་ཀྱང་རིམ་བཞིན་ཆགས་ཏེ། གྲོང་མི་ཁག་གཅིག་གི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་དང་གྲོང་མི་ཡོངས་ལ་ཁེ་འབབ་བགོ་ཐུབ་པ་བྱུང་ཡོད། 2017ལོར་དཀར་མདའ་གྲོང་ཚོའི་དུད་ཚང་310ཡི་མི་1243ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་ཡོད། 
   འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་ཐོག དཀར་མདའ་གྲོང་ཚོའི་གྲོང་མིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་དེ་སྔ་ཕྱི་བར་གསུམ་དུ་བརྗེད་མེད། 
དཀའ་མདའ་གྲོང་ཚོ་ནི་རྫ་ཆུའི་ཆུ་འགོ་གནས་ཡུལ་དུ་གནས་པ་དང་། ཆུ་མིག་280ལྷག་ཙམ་ཡོད་ཅིང་། བཞུར་ཚད་ཅུང་ཆེ་བའི་ཆུ་མིག་50ཙམ་རྫ་ཆུའི་ནང་བཞུར་བཞིན་ཡོད་པ་རེད། 2013ལོར། དཀར་མདའ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་23ལ་བགོས་ནས་ཆུ་མིག་རེ་རེའི་ཡིག་ཚགས་ཞིབ་ཕྲ་བཟོས་པ་རེད། ཆུ་མིག་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཚང་མའི་ཁྲོད་དཀར་མདའ་གྲོང་ཚོའི་གྲོང་མི་ཚོས་རང་ཉིད་ནི་སྣོད་བཅུད་སྲུང་སྐྱོང་བྱེད་པའི་ཐད་ཀའི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ངོས་འཛིན་བྱུང་བ་རེད། 
   “ཆུ་གཙང་རི་སྔོ་ནི་གསེར་རི་དངུལ་རི་ཡིན”ཞེས་པ་འདི་ནི་དཀར་མདའ་གྲོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་ཞིག་ཡིན་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་རེད། རི་བོ་མཐོང་རྒྱུ་ཡོད་ལ། ཆུ་བོ་མཐོང་རྒྱུའང་ཡོད། ཐོན་ལས་དར་ཞིང་། ཡོང་འབབ་མང་དུ་སོང་བ་སོགས་ལོ་བཅུ་ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་དཀར་མདའ་གྲོང་ཚོ་འདི་ཉིད་ཐོན་ལས་འཕེལ་རྒྱས་ཀྱི་གྲོང་ཚོ་གསར་པ་ཞིག་ཏུ་གྱུར་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཡུལ་ཤུལ་དུ་གཟིགས་པར་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྐབས་དེ་དུས་ང་ཚོས་སླར་ཡང་ཏང་ལ་ལ་གླུ་ཞིག་འཕུལ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསན་ཐུབ་པའི་རེ་བ་ཡོད།”ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཡུལ་ཤུལ་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྡོ་རྗེས་རང་ཉིད་ཀྱི་སྙིང་གཏམ་བརྗོད་ལ། དེ་བཞིན་ཡུལ་ཤུལ་མི་དམངས་ཁྲི་20ལྷག་ཙམ་གྱི་བསམ་འདུན་ཡང་བརྗོད་པས། དཀར་མདའ་གྲོང་ཚོའི་མི་དམངས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་ཡིད་ཆེས་ཀྱིས་ཁེངས་པ་མཚོན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1