ཕུ་མ་གཡུ་མཚོའི་དར་ཐོག་གི་ལུག་ཁྱུའི་བསྟར་པ་རིང་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-12



   ལུག་2000ལྷག་ཕུ་མ་གཡུ་མཚོའི་དར་ཐོག་ཏུ་བསྟར་པ་རིང་མོ་སྒྲིག་ནས་དལ་བུ་ངང་མདུན་དུ་འགྲོ་བཞིན་མཆིས།
   ལུག་རྫི་ཚོས་ཕྱོགས་གཉིས་ནས་ལུག་ཁྱུ་འདེད་ཅིང་། ཁོང་ཚོའི་སེམས་སུ་འཚབ་འཚུབ་བྱེད་བཞིན་ཡོད་མོད། མིག་ཟུང་ལ་རེ་བས་ཁེངས་འདུག
   ལོ་ངོ་སྟོང་ཕྲག་ལྷག་རྒྱུན་འཛིན་བྱེད་པའི་སྲོལ་རྒྱུན་འདི་ནི། མི་རབས་དང་མི་རབས་ནས་ཕྱུགས་ལས་གཙོ་བོར་གཉེར་བའི་མཐུད་བ་གྲོང་ཚོ་ལ་མཚོན་ན་དཔྱིད་ཀར་སྐྱོད་འགོ་ཚུགས་ཡོད། 
    མཐུད་བ་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཡོད་ཅིང་། དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5070ཡོད་པ་དང་། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་སྲིད་འཛིན་གྲོང་ཚོ་ཞིག་རེད།
    དེ་ཡང་ས་མཐོ་ཞིང་དབྱར་དུས་ཐུང་བས། མཐུད་བ་གྲོང་ཚོའི་རྩྭ་ས་ཡིས་འབྲོག་ཁྱིམ་14ཡི་ལུག་ཁྱུ་ལ་དགུན་སྐྱེལ་གྱི་གཟན་རྩྭ་མཁོ་འདོན་བྱེད་མི་ཐུབ། “ལྷ་མོའི་སྤྱན་ཆབ”ཞེས་མཚན་སྙན་གསོལ་བའི་ཕུ་མ་གཡུ་མཚོའི་མཚོ་དཀྱིལ་དུ་གླིང་ཕྲན་ཡོད་ཅིང་། རྒྱུན་དུ་མི་འགྲོ་འདུག་ཉུང་བས་ལྷིང་འཇགས་ཀྱི་ཞིང་ཁམས་དང་མཚུངས་ལ། རྩྭ་ཆུའང་འབེལ་བ་ཡོད། 

    ལོ་ལྟར་མཐོ་སྒང་དུ་གྲང་ངར་ཆེས་ཆེ་བའི་དུས་སུ་ཕུ་མ་གཡུ་མཚོར་དར་ཁ་ཆགས་ཀྱིན་ཡོད།  


   དེའི་སྐབས་སུ། མཐུད་བ་གྲོང་ཚོའི་འབྲོག་མིས་ལུག་ཁྱུ་མཚོ་དཀྱིལ་གྱི་གླིང་ཕྲན་དུ་དེད་ནས། གྲང་ངར་ཆེས་ཆེ་བའི་དགུན་དུས་བསྐྱལ། དར་མ་ཞུ་གོང་གི་དཔྱིད་འགོའི་ཉི་བཟང་སྐར་བཟང་གི་དུས་ཤིག་ལ། ལུག་ཁྱི་ཕྱིར་དེད་ནས་དཔྱིད་ཀ་སླེབས་པར་བསུ། 
   ལུག་ཁྱུ་ཕྱིར་བསུ་བ་ནི་གྲོང་ཚོའི་ནང་གི་དོན་ཆེན་ཅིག་རེད། 
    ལུག་རྫི་བཀྲ་ཤིས་ཀྱིས་ལུ་གུ་ཞིག་པང་དུ་བཟུང་ཞིང་ལུག་ཅིག་སྣེ་ཁྲིད་དེ་མཚོ་འགྲམ་དུ་སླེབས་ནས་དར་ཐོག་ཏུ་གོམ་པ་དང་པོ་སྤོས་པ་དང་བསྟུན། ལུག་ཁྱུ་རྣམས་རིམ་བཞིན་དལ་བུའི་ངང་རྗེས་སུ་སྙེག་ནས་ཡུལ་ཕྱོགས་སུ་སྐྱོད་འགོ་བརྩམས། 
    བསྟར་པའི་རིང་ཚད་ལ་སྨི་500ལྷག་ཡོད་པའི་ལུག་ཁྱུ་རྩྭ་ཆུ་འབེལ་བའི་གླིང་ཕྲན་དང་གྱེས་པ་རེད།
   སྐབས་དེར་ལུག་རྫི་རྣམས་ཀྱི་སེམས་སུ་འཚབ་འཚུབ་སྐྱེས་ཤིང་། མགྱོགས་པོར་བདེ་འཇགས་ངང་མཚོ་དར་ལས་བརྒལ་ཐུབ་པ་བསམ་གྱིན་ཡོད།  
   ལམ་བར་དུ་ལུག་ལ་ལ་མདུན་དུ་འགྲོ་མི་ཕོད་དུས། རྫི་བོས་རྗེས་ནས་འདེད་དགོས་པ་དང་ལུ་གུ་ཆུང་ཆུང་འགའ་རེ་མཚོ་དར་གྱི་“དཀྱག་དཀྱོག་གི་ལམ་ཕྲན”ཐོག་འདྲེད་ནས་འགྱེལ་རྗེས། རྫི་བོས་པང་དུ་བཟུང་ནས་ལམ་དུམ་གཅིག་ལ་ཁུར་དགོས་ཐུག

   གླིང་ཕྲན་དུ་བཙས་པའི་ལུ་གུ་20ལ་ལུག་རྫིས་ལྷག་ཏུ་གཅེས་སྐྱོང་བྱེད་བཞིན་འདུག


    ལུག་ཁྱུ་ལམ་ཕྱེད་ལ་སླེབས་རྗེས་ཉི་མ་འཆར་བས། ཕུ་མ་གཡུ་མཚོའི་ཕྱོགས་བཞིའི་གངས་རིར་གསེར་མདོག་གི་འོད་ཀྱིས་རྒྱན་ནས། ལྷ་ཡུལ་ལྟ་བའི་ཡུལ་ལྗོངས་མཛེས་སྡུག་ལྡན། 
   རེད་དེ། རྩྭ་ར་བརྗེ་བའི་ལུག་ཁྱུར་ཉི་མ་འཆར་བ་ནི་དྲན་བརྡ་ཞིག་བཏང་བ་དང་མཚུངས་པ་སྟེ། ཁོ་ཚོར་གོམ་པ་མགྱོགས་པོ་སྤོ་དགོས་པའི་དྲན་སྐུལ་བྱེད་པ་རེད། 
    ལུག་རྫིས་ལུག་ཁྱུ་དེད་ཅིང་ཉི་མའི་འོད་ཟེར་ས་གཞིར་ཁྱབ། མུ་མཐུད་མདུན་དུ་སྐྱོད་པའི་ལུག་ཁྱུ་མཚོ་དར་ཐོག་བསྟར་པ་རིང་པོ་ཞིག་སྒྲིག་འདུག 
   2018ལོར། གནའ་བོའི་གྲོང་ཚོ་འདི་དབུལ་ཕོངས་ཀྱི་དབུལ་ཞྭ་ཕུད་ཡོད། ན་ནིང་ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་16598ཡོད་ཅིང་གྲོང་མི་ཚང་མ་ཁང་པ་གསར་པའི་ནང་བསྡད་ཐུབ་ཡོད།
   ཆུ་ཚོད་གཅིག་ལྷག་བསྐྱོད་རྗེས། ལུག་ཁྱུ་སྣེ་འཁྲིད་མཁན་གྱིས་ལུག་ཁྱུ་རིམ་བཞིན་མཚོ་ངོགས་སུ་ཁྲིད་པ་དང་། མཉམ་དུ་མཚོ་ངོགས་སུ་སླེབས་མཁན་ནི་ད་དུང་དཔྱིད་ཀའི་དྲི་བསུང་འདུག 

   ཆེས་མཐའ་མའི་ལུག་དེ་མཚོ་དར་ནས་བདེ་འཇགས་ངང་སྐམ་སར་སླེབས་རྗེས་གྲང་ངར་ཆེ་བའི་དགུན་ཟླ་ཕར་བསྐྱལ་ནས་དཔྱིད་ཀའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་རེད།  


   2019ལོའི་ལོ་མཇུག་བར་བོད་ལྗོངས་སུ་དབུལ་ཕོངས་རྫོང་74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་62.8དབུལ་སྒྲོལ་བྱུང་ཡོད། དབུལ་ཕོངས་མི་འབོར་གྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་2015ལོའི་སྒོར་1499ནས་2019ལོར་སྒོར་9328བར་འཕར་སྣོན་བྱུང་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1