པཎ་ཆེན་རིན་པོ་ཆེས་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-15



པཎ་ཆེན་རིན་པོ་ཆེས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གསུངས་དོན།  བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དག་དུས་རབས་གསར་པའི་ཞབས་ཞུ་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན་དང་། བྱས་རྗེས་འཇོག་མཁན་བཅས་བྱེད་དགོས།

           “བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་ཡིན་ན། མ་བསྐུལ་དང་བླངས་ཀྱིས་དུས་རབས་གསར་པར་འཚམ་མཐུན་ཡོང་བ་དང་རང་ཉིད་ཀྱི་དམིགས་ཕྱོགས་ལེགས་པོར་བཙལ་ནས། དུས་རབས་གསར་པའི་ཞབས་ཞུ་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན་དང་། བྱས་རྗེས་འཇོག་མཁན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་པ་ལས། གཞན་གྱི་ཁུར་པོར་འགྱུར་དུ་འཇུག་གཏན་ནས་མི་རུང་།” རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་མཇུག་མ་བསྒྲིལ་གོང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་དུ་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་གོང་ལྟར་གསུངས་པ་མ་ཟད། བོད་ལྗོངས་ཀྱི་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་བ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཀྱི་བྱེད་ནུས་དང་དམིགས་ཕྱོགས་ལའང་འགྱུར་ལྡོག་གཏིང་ཟབ་མོ་བྱུང་ཡོད་ཅེས་གསུངས།

           པཎ་ཆེན་རིན་པོ་ཆེས་གསར་འགོད་པར་ངོ་སྤྲོད་གནང་དོན། བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་མཉམ་དུ་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་རྗེས་སུ། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་འཐབ་སར་ལྷག་ཏུ་དོ་སྣང་གནང་བཞིན་ཡོད་ཅེས་བསྟན་པ་དང་། “ང་ཚོས་མིག་རྒྱང་སྔར་ལས་ཡངས་པའི་སྒོ་ནས་ཆོས་ལུགས་ཀྱི་དཀའ་ངལ་དང་རང་ཉིད་ཀྱི་གནད་དོན་ལ་བལྟ་དགོས”ཞེས་གསུངས། 
           2020ལོའི་ལོ་འགོར་རིམས་ནད་ཀྲུང་གོའི་ས་གནས་ཁག་ཏུ་མཆེད་སྐབས། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་གཅིག་སྡུད་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་། པཎ་ཆེན་རིན་པོ་ཆེས་གསུངས་དོན། བོད་བརྒྱུད་ནང་བསྟན་གྱི་ཐོག་མའི་བསམ་འདུན་དང་རེ་སྙེག་ནི་མེས་རྒྱལ་དར་བ་དང་། མི་དམངས་སྐྱིད་པ་དང་། འགྲོ་ཀུན་བདེ་བ་བཅས་ཡིན་ཏེ། འདི་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའམ་ཡང་ན་གནས་སྐབས་སུ་མཚམས་འཇོག་མིན་གྱི་གཞི་འཛིན་ས་ཡིན། བོད་བརྒྱུད་ནང་བསྟན་ལ་རྒྱལ་གཅེས་ཆོས་གཅེས་དང་། དགེ་སྒྲུབ་སྡིག་སྤོང་། དབུལ་སྐྱོར་སྡུག་སེལ་སོགས་ཀྱི་རིན་ཐང་གི་རེ་སྙེག་དང་དོན་སྙིང་ལྡན་ཞིང་། དུས་རབས་གསར་པར་དེའི་ཕྱོགས་སུ་ནུས་པ་འདོན་སྤེལ་བྱ་ས་སྔར་ལས་མང་པོ་ཡོད་པས། འདིའི་ཐད་ལ་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་གསུངས། 
           པཎ་ཆེན་རིན་པོ་ཆེས་སྔོན་ཆད་ཀྲུང་གོའི་ཆོས་ལུགས་ཆེན་པོ་ལྔ་དེ་མཛུབ་མོ་ལྔ་ལ་དཔེ་རུ་བཀོད་ནས་གསུངས་མྱོང་། ཁོང་གིས་བཅར་འདྲི་དང་ལེན་གནང་སྐབས་སུ་ཡང་བསྐྱར“མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱིས་མཐུན་སྒྲིལ”དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ནང་ཧུར་ཐག་སྒོས་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། ཆོས་ལུགས་སོ་སོ་དང་མི་རིགས་ཁག་སེམས་ཤུགས་གཅིག་སྒྲིལ་དང་། ཞི་མཐུན་མཉམ་གནས། མཐུན་སྒྲིལ་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ཚེ། ད་གཟོད་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུ་ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ཐུབ་ཅེས་གསུངས།

           ད་ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་རེད། ན་ནིང་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་བོད་ལྗོངས་ཀྱི་ལྷ་ས་དང་། ནག་ཆུ། ཉིང་ཁྲི། གཞིས་ཀ་རྩེ་བཅས་ཀྱི་རྫོང་དང་ཆུས25དང་དགོན་སྡེ33བཅས་སུ་ཕེབས་ནས་ཆོས་ལུགས་བྱེད་སྒོ་དང་སྤྱི་ཚོགས་བརྟག་ཞིབ་གནང་། ཁོང་གིས་ངོ་སྤྲོད་གནང་དོན།ལམ་བར་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཉིན་རེ་བཞིན་འཕེལ་རྒྱས་སུ་སོང་ཚུལ་དང་། ལྷག་པར་དུ་ཞིང་འབྲོག་ཁུལ་ལ་དབུལ་བྲལ་འགག་སྒྲོལ་གྱི་ཁྲོད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཉིན་བཞིན་ཆེ་རུ་འགྲོ་བ་དངོས་སུ་མཐོང་བྱུང་ཞེས་གསུངས།   
པཎ་ཆེན་རིན་པོ་ཆེས“མུན་ནག་ནས་འོད་ཟེར་ལ་ཕྱོགས་པ་དང་། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་ཕྱིན་པ། རྗེས་ལུས་ནས་ཡར་ཐོན་བྱུང་བ། དབུལ་ཕོངས་ནས་འབྱོར་ཕྱུག་ལྡན་པར་གྱུར་པ། སྒོ་བཀག་པ་ནས་སྒོ་འབྱེད་པའི་ཕྱོགས་སུ་བསྐྱོད་པ”ཞེས་པའི་ཚིག་འདི་དག་ལས་བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་སྤྱི་ཚོགས་གསར་རྙིང་གི་འཚོ་བ་གཤིབ་བསྡུར་གྱིས་ལེགས་པར་མཚོན་ཐུབ་ཅེས་གསུངས།  
           དུས་སྐབས་ཤིག་གི་རིང་ལ་ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་བོད་ལྗོངས་དང་བོད་བརྒྱུད་ནང་བསྟན་གྱི་བརྗོད་གཞིར་བརྟེན་ནས་ཀྲུང་གོའི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་བོད་སྐྱོང་མཛད་ཇུས་ལ་རྒོལ་བ་བྱས། ན་ནིང་ཨ་རིས་བོད་འབྲེལ་ཁྲིམས་དོན་གྱི་གྲོས་གཞིར་གྲོས་འཆམ་བྱས་ནས་ཀྲུང་གོའི་བོད་ལྗོངས་ཀྱི་ལས་དོན་ལ་མ་ལག་ལྡན་པའི་ངང་ཐེ་ཇུས་བྱས་ཡོད། 
           “ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་པ་ཚོས་དོ་ཁུར་བྱ་ཡུལ་ནི་བོད་ལྗོངས་མི་དམངས་མིན་ལ་བོད་བརྒྱུད་ནང་བསྟན་ཡང་གཏན་ནས་མིན། ཁོ་ཚོས་དོ་ཁུར་བྱ་ཡུལ་ནི་ཁོ་རང་ཚོའི་ཁེ་ཕན་ཚོགས་པ་ཡིན་ལ། ཁོ་ཚོས་སེམས་ཁུར་བྱ་ཡུལ་ནི་ཁོ་རང་ཚོའི་ཚོགས་པའི་ཁེ་ཕན་རེད། བོད་ལྗོངས་མི་དམངས་དང་བོད་བརྒྱུད་ནང་བསྟན་ལ་ངེས་པ་དོན་གྱིས་སེམས་ཁུར་བྱེད་མཁན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་དང་ཏང་ཀྲུང་དབྱང་། རྒྱལ་ཡོངས་མི་དམངས་བཅས་རེད།”   པཎ་ཆེན་རིན་པོ་ཆེས་ད་དུང་ནན་གྱིས་གསུང་དོན། ཁོ་ཚོས་ཀྲུང་གོའི་བོད་འབྲེལ་ལས་དོན་དང་ཆོས་ལུགས་ལས་དོན་རྒྱལ་སྤྱིའི་གླེང་གཞིར་འུད་ཀྱིས་བསྒྲགས་ཏེ། རང་ཉིད་ཀྱིས་སྤྱད་ཆོག་པའི་ཆབ་སྲིད་ཀྱི་ལག་ཆ་རུ་བསྒྱུར། མི་སྤྱིར་བཏང་བ་ཞིག་དང་ལངས་ཕྱོགས་ལ་ཡོ་གཟུར་མེད་པ་ཞིག་ཡིན་ཕྱིན་གནས་ཚུལ་དེ་རིགས་ཚང་མས་ཧ་གསལ་པོར་གོ་སྲིད། ཁོང་གིས་གསུངས་དོན། ཕྱི་རོལ་གྱི་འགོག་རྐྱེན་ཇི་འདྲ་ཆེ་རུང་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་ཏུ་སྐྱོད་པའི་ཡིད་ཆེས་དང་། ཆོད་སེམས་དང་། སྙིང་རུས་བཅས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མི་སྲིད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1