འབྲོག་མོ་ཞིག་གི་ཕུགས་འདུན་སྙེག་པའི་ལམ་བུ།

འོད་གསལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 03-15




    རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན། ཅང་ཞི་ཞིང་ཆེན་གྱི་ཅིང་ཏེ་གྲོང་རྡལ་དུ་འབྲོག་མོ་ཞིག་གིས་རྫ་ཆས་ཐོག་ཐང་གའི་རི་མོ་ནན་ཏན་ངང་འབྲི་བཞིན་ཡོད། མོའི་མིང་ལ་གསེར་ཆེན་ལྷ་མོ་ཟེར། མོ་ནི་འཛམ་ཐང་རྫོང་ཇོ་ནང་ཐང་གའི་ཁྲིད་སྦྱོང་ཁང་གི་སློབ་མ་དང་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་རེད། མོ་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོའི་བསེ་སྐོར་གྲོང་སྡེའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པ་དང་ཁྱིམ་ཚང་གི་རྐྱེན་ལས་ཆུང་དུས་ནས་སློབ་མཚམས་བཞག་ནས་ཁྱིམ་དུ་ཨ་མར་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་བྱེད་རོགས་བྱས། 
    དབུལ་བྲལ་གནད་སྒྲོལ་གྱི་དཔྱིད་རླུང་བསིལ་བོ་ས་གཞི་ཀུན་ཏུ་ལྡང་བའི་སྐབས་འདིར། འཛམ་ཐང་རྫོང་གིས་ཡུལ་བབ་དང་བསྟུན་ནས་མང་ཚོགས་དབུལ་བྲལ་ཐུབ་པར་རིག་གནས་ཀྱི་སྟོབས་རྫོང་བསྐྲུན་པའི་དམིགས་འབེན་བཏོན་ཏེ། ཚངས་པའི་སྒྲ་དང་གནའ་བོའི་རོལ་མོ། ཐང་ག་དང་ཟློས་གར། རྡོ་བརྐོས་སོགས་ཆེས་ཁྱད་ཆོས་ལྡན་པའི་འཛམ་ཐང་གི་དངོས་མིན་ཤུལ་བཞག་རིག་གནས་ལྟེ་བར་བཟུང་ནས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་དང་། རིག་གནས་ཐོན་ལས་གླིང་གཞི་རྟེན་བྱས་པས་ཕུན་སུམ་ཚོགས་པའི་རིག་གནས་དེ་དག་འཛམ་ཐང་རྫོང་གི་ཐོན་ལས་དང་།དཔལ་འབྱོར་འཕེལ་རྒྱས་ཀྱི་གཏེར་ལྟ་བུར་གྱུར། དེའང་འཛམ་ཐང་རྫོང་འཛམ་ཐང་བར་མ་གྲོང་རྡལ་དུ་ཛམ་བྷ་ལའི་ཇོ་ནང་ཐང་གའི་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་བཙུགས་ནས་ཉེ་འཁོར་གྱི་རོང་འབྲོག་པའི་བུ་ཕྲུག་སློབ་གྲྭར་བསྡུས་ནས་སྒྱུ་རྩལ་གྱི་ཕུགས་འདུན་ཡོད་པའི་ན་གཞོན་ཚོར་ཕུགས་འདུན་མངོན་འགྱུར་བྱུང་བའི་སྟེགས་བུ་ཞིག་བཏོད་བྱུང་།
    གསེར་ཆེན་ལྷ་མོ་ལོ་17ཐོག་ཁྱིམ་མིའི་རྒྱབ་སྐྱོར་འོག་ཁྲིད་སྦྱོང་ཁང་དུ་ཡོང་ནས་ཐང་ག་ཁྲིད་སྦྱོང་ཁང་གི་སློབ་མ་ཞིག་ཏུ་གྱུར། ལོ་ངོ་8རིང་གི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་མོས་ཐོབ་དཀའ་བའི་གོ་སྐབས་འདི་དམ་འཛིན་བྱས་ནས་ཉིན་མཚན་ཀུན་ཏུ་དཀའ་སྤྱད་འབད་བརྩོན་བྱས་པ་དང་དཀའ་སྡུག་ཅི་ལ་འཕྲད་ཀྱང་སློབ་མཚམས་འཇོག་པའི་བསམ་པ་གཏན་ནས་ཡོད་མ་མྱོང་།   
    ད་ལྟ་མོའི་བརྩམས་ཆོས་ཧྲང་ཧའེ་དང་ཀྲེ་ཅང་སོགས་གྲོང་ཁྱེར་ཆེན་མོར་འགྲེམས་སྟོན་བྱས་ཤིང་། ད་དུང་མོ་དང་མུ་མཚོ། བཀྲ་ཤིས་སོགས་སློབ་གྲོགས་5དང་མཉམ་དུ་ལེགས་འགྲུབ་བྱུང་བའི་བརྩམས་ཆོས《དུས་གསུམ་སངས་རྒྱས》ཀྱི་ཐང་ག་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་རྟགས་མའི་བྱ་དགའ་ཐོབ་པ་དང་བརྩམས་ཆོས་དེ་སྒོར་ཁྲི་100ལྷག་ཡི་ཕྱིར་བཙོངས། མོ་འབྲོག་མོ་ཞིག་ནས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཏུ་གྱུར་པའི་བར་ཐོབ་པའི་གྲུབ་འབྲས་ནི་སྒོར་རྐྱང་རྐྱང་མ་ཡིན་པར་ད་དུང་འོད་སྟོང་འཕྲོ་བའི་མི་ཚེ་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་ཀྱང་ཡོད། ད་ལྟ་མོའི་བརྩམས་ཆོས་གང་སར་འགྲེམས་སྟོན་བྱེད་བཞིན་པ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་འབྲེལ་ཐོག་ཕབས་བསྐྲུན་བྱས་པའི་ཕུལ་བྱུང་གི་གློག་བརྙན་20ལས《ཁྲིད་སྦྱོང་ལམ་བུ》ཞེས་པ་དེས་མོ་དང་སློབ་གྲོགས་གཞན་ཞིག་གཙོ་བྱས་ནས་རྒྱལ་སྤྱིའི་ཐོག་ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་ལམ་བུ་བསྟན་ཡོད། 
    ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་དུ་གསེར་ཆེན་ལྷ་མོ་ལྟ་བུའི་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོས་ཕུགས་འདུན་སྙེག་མཁན་གྱི་བུད་མེད་མང་བོ་ཡོད། དེར་བརྟེན་འཛམ་ཐང་རྫོང་གིས་དྲིལ་སྒྲོག་དང་ལས་ཞུགས།སློབ་གསོ་བཅས་དམ་འཛིན་བྱས་ཏེ་བུད་མེད་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་གྲོང་སྡེ་དང་དུད་ཚང་དུ་སྐྱོད་དེ་ཞོར་ལས་བྱེད་མཁན་ཚོ་རྩ་འཛུགས་བྱས་ནས་ལས་ཞུགས་གསོ་སྦྱོང་བྱས་ཤིང་། ཁྲིད་སྦྱོང་ཁང་གིས་རོང་འབྲོག་བུད་མེད་རྣམས་ལ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་སྐུལ་ཁྲིད་བྱེད་དང་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1