འབོ་ཞབས་གྲོང་རྡལ་མོ་ཙི་ལུང་གྲོང་སྡེའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་དཔྱིད་ཀྱི་དཔལ་ཡོན་འཆར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-18


འབོ་ཞབས་གྲོང་རྡལ་མོ་ཙི་ལུང་གྲོང་སྡེའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་དཔྱིད་ཀྱི་དཔལ་ཡོན་འཆར།

མོ་ཙི་ལུང་གྲོང་སྡེའི་ཏང་ཡོན་ཚོས་འབྲི་ཏ་ས་འཛིན་དྲོད་ཁང་དུ་འོས་འགན་ལས་ཀ་བྱེད་བཞིན་པའི་ཚུལ།


ཉེ་ཆར། གསར་འགོད་པ་དུང་དཀར་ལུང་པའི་ལྗོངས་ཁུལ་འབོ་ཞབས་གྲོང་རྡལ་མོ་ཙི་ལུང་གྲོང་སྡེའི་འབྲི་ཏ་ས་འཛིན་དྲོད་ཁང་དུ་སོང་སྐབས་སྔོ་ལྗང་གྲལ་སྟར་རྨོས་པའི་འབྲི་ཏ་ས་འཛིན་གྱི་སྐྱེས་ཚུལ་ལེགས་པའི་རྣམ་པ་མཐོང་།

འབོ་ཞབས་གྲོང་རྡལ་གྱི་གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་ཝང་ཡུང་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ད་སྔར་དུང་དཀར་ལུང་པ་ལྗོངས་ཁུལ་གྱི་ལུང་པ་ཝེ་འདེབས་འཛུགས་མཉམ་ལས་ཁང་གིས་བཏབ་པའི་འབྲི་ཏ་ས་འཛིན་ལ་ཅོག་ལེ་དང་འོ་མ་སོགས་ཀྱི་བྲོ་བ་འགའ་ཡོད་ཅིང་། ཝང་ཡུང་ཁང་གིས་སྤོབས་པ་ཆེན་པོས་ཉིན་བཅུ་ལྷག་གི་རྗེས་ལ་འབྲི་ཏ་ས་འཛིན་ཐེངས་དང་པོ་འཐུ་ཆོག་གི་ཡོད།མཉམ་ལས་ཁང་གི་འབྲི་ཏ་ས་འཛིན་དེ་དག་ནི་ཡུལ་སྐོར་བ་སྒོ་རྩར་བསྐྱོད་ནས་རང་མོས་ངང་འཐུ་ཆོག་པས་འཐུ་མང་བའི་དུས་སུ་རྒྱ་མ་རེར་སྒོར30ནས40བར་འཚོང་ཆོག་གི་ཡོད་ཅེས་བཤད།

ཁོས་མུ་མཐུད་ནས་ང་ཚོའི་འབྲི་ཏ་ས་འཛིན་ལ་སྐྱེ་ལྡན་ལུད་སྤྱོད་ཀྱི་ཡོད་པས་ཁོར་ཡུག་སྲུང་སྐྱོང་ཡོང་བར་མ་ཟད་བྲོ་བ་ཞིམ་པས་ས་གནས་དེ་གར་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། ང་ཚོས་འབྲི་ཏ་ས་འཛིན་བཏབ་པ་དེ་ཡོང་འབབ་གསོག་ཆེད་མ་ཡིན་པར་གཙོ་བོ་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཆེད་ཡིན་ཞེས་བཤད།

མོ་ཙི་ལུང་གྲོང་སྡེ་ནས་དུང་དཀར་ལུང་པ་ལྗོངས་ཁུལ་བར་སྤྱི་ལེ5ལས་མེད། དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་སོང་བ་དང་བསྟུན་ནས་ཡུལ་མིས་སྔོ་ཚལ་འདེབས་པ་དང་ཟུར་ལས་རྒྱག་པ། ཚོང་རྒྱག་སོགས་བརྒྱུད་ནས་ཡོང་འབབ་ཉིན་རེ་ལས་ཉིན་རེ་ཡག་པོར་ཆགས་བཞིན་ཡོད།

2019ལོར་གྲོང་སྡེའི་ལུང་པ་ཝེ་འདེབས་འཛུགས་མཉམ་ལས་ཁང་གིས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ཆེ་མོ་བསྐྲུན་ཏེ་གྲོང་སྡེའི་ལས་བྱེད་པ་དང་གྲོང་སྡེའི་ཏང་ཡོན་གྱི་འོས་འགན་དོ་དམ་བྱས་ནས་ཡོང་འབབ་དེ་གྲོང་སྡེའི་ཐུན་མོང་ཡོང་འབབ་ལ་བརྩིས་ནས་སྡེ་བ་ཡོངས་ལ་བགོ་བཤའ་བརྒྱབ་ཡོད།

ཝང་ཡུང་ཁང་གིས་ཕྱིན་ཆད་ང་ཚོས་འབྲི་ཏ་ས་འཛིན་འདེབས་ཁྱོན་ཆེ་རུ་གཏོང་བ་དང་ཆབས་ཅིག་ཏུ་སྔོ་ཚལ་དང་ཤིང་འབྲས་གཞན་དག་ཚོད་ལྟ་འདེབས་འཛུགས་བྱས་ནས་ས་གནས་དེ་གར་ཡིད་དབང་འཕྲོག་པའི་ཤིང་འབྲས་སྔོ་ཚལ་གླིང་དང་། ཞིང་ལས་ཉམས་ལེན་རྟེན་གཞི།

ས་གནས་དེ་གའི་ཞིང་པའི་སྤྲོ་སྐྱིད་ཁང་བཅས་རིམ་གྱིས་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1