ཝང་དབྱང་གིས་ཞིན་ཅང་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-19





ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཞིན་ཅང་དུ་རྟོག་ཞིབ་བྱས། འདི་ནི་ཝང་དབྱང་གིས་ཡུ་གུར་རིགས་ཀྱི་ཁྱིམ་དུ་འཚམས་འདྲི་མཛད་པའི་ཚུལ་རེད།



ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཞིན་ཅང་དུ་རྟོག་ཞིབ་བྱས། འདི་ནི་ཝང་དབྱང་གིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཞིན་ཅང་དུ་རྟོག་ཞིབ་བྱས།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་།    རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱེད་པ།   དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ལག་བསྟར་བཟང་བོ་བྱེད་པ།   ཞིན་ཅང་བྱ་བའི་གནས་བབ་ལ་ཚན་རིག་དང་མཐུན་པའི་རྒྱུས་ལོན་བྱེད་པ།   སྤྱི་ཚོགས་གཏན་འཇགས་དང་ཡུན་སྐྱོང་བདེ་འགོད་བྱ་བའི་སྤྱིའི་དམིགས་འབེན་གཅིག་བསྡུས་བྱེད་པ།   ཚད་གཞི་རེའུ་མིག་དང་དོན་དངོས་ལ་རྐང་འཛུགས་རྒྱུ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ།   དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ།   ཁྱོན་ཡོངས་སྐུལ་འདེད་དང་གཙོ་གནད་འབུར་ཐོན་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་བྱས་ནས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།

        ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་བདུན་ཉིན་བར།  ཝང་དབྱང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་ནས་ཞིན་ཅང་དུ་སོང་སྟེ་ཚན་ཆུང་བཞིར་བགར་ནས་ཝུའུ་ལུའུ་མུའུ་ཆི་དང་ཧཱ་མིས་སོགས་ས་ཁུལ་དུ་སོང་ནས་ཞིང་སྡེ་དང་གཞིས་ཁུལ།  སློབ་གྲྭ།    ཚན་རིག་ཞིབ་འཇུག་ལས་ཁུངས།  ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་སུ་ཟབ་ཞུགས་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ཆེད་ལས་མཁས་པ།  རིགས་སོ་སོའི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད།  བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན།   ཝང་དབྱང་གིས་བསྟན་དོན།  ཉེ་བའི་ལོ་འགའི་རིང་ལ།  ཞིན་ཅང་རང་སྐྱོང་ལྗོངས་ཏང་ཨུས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་ནས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་བསྟར་བྱས་པ་དང་།   ཞིན་ཅང་བྱ་བའི་དམིགས་འབེན་ལ་དམ་དུ་དམིགས་ནས་དཀའ་ཚེགས་ཆེ་ཞིང་ཞིབ་ཚགས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ལ།   འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གྲུབ་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བར་མ་ཟད།   དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་།  རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།   བདེ་ཚོར་བཅས་རྒྱུན་མཐུད་མཐོར་འདེགས་བྱུང་སྟེ་ཞིན་ཅང་ལ་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་བོ་མངོན་ཡོད།  གྲུབ་འབྲས་འདི་དག་ནི་ལས་སླ་མོ་ཞིག་མིན་པས་སྔར་ལས་ཀྱང་གཅེས་སྤྲས་བཟང་བོ་བྱེད་དགོས་ཟེར།

        ཝང་དབྱང་གིས་ནན་གྱིས་བསྟན་དོན།   ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་ན།    ཡུན་སྐྱོང་བདེ་འགོད་དང་འབྲེལ་བའི་རྨང་གཞི་རང་བཞིན་གྱི་བྱ་བའི་སྟེང་ཤུགས་སྣོན་དགོས་པ་དང་།    འབུར་ཐོན་གནད་དོན་ཐག་གཅོད་དང་མི་འདང་ས་ཁ་གསབ་བྱེད་པའི་སྟེང་ཤུགས་འདོན་དགོས།   ཁྲིམས་ལྟར་ཞིན་ཅང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་སྐྲུན་བྱེད་པ།   བྱེད་ཐབས་ལེགས་སྒྱུར་དང་གནད་ཕིགས་ཇུས་བསྟར་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཡུན་རིང་གཏན་འཇགས་སྲུང་འཛིན་བྱེད་དགོས།   ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དམ་སྲུང་བྱེད་རྒྱུ་གཙོ་ཐིག་ཏུ་བྱས་ནས་མི་རིགས་བྱ་བ་བཟང་བོར་བསྒྲུབ་པ་དང་།   ཞིན་ཅང་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ།   རིགས་སོ་སོའི་མང་ཚོགས་ཀྱི་རེ་འདུན་དང་བསྟུན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ནས་མི་རིགས་སོ་སོ་མཐུན་སྒྲིལ་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།   ཏང་གི་ཆོས་དད་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།   སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ།   ཆོས་ལུགས་བསམ་བློའི་འཛུགས་སྐྲུན་གནད་འགག་ཏུ་བྱེད་པ།   ཆོས་ལུགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་འདེགས་སྐྱོར་དུ་བྱེད་པ།   ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུར་འགན་སྲུང་བྱེད་པ་བཅས་བྱས་ནས་ཞིན་ཅང་གི་དབྱི་སི་ལན་ཆོས་ལུགས་སྔར་ལས་བཟང་བོའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དང་མཐུན་པར་བྱེད་དགོས།   འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཞིན་ཅང་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་སྟངས་གསར་པ་གྲུབ་པར་བྱེད་པའི་ཁྲོད་ཀྱི་གནས་ཐིག་ཡང་དག་གིས་འཚོལ་བ།  འཕེལ་རྒྱས་སྒུལ་ནུས་སྐུལ་སློང་བྱེད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས།   མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པ་དང་།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་བཏང་སྟེ་ཞིན་ཅང་གི་དོན་དངོས་དང་མཐུན་པའི་ཐུན་མོང་ཕྱུག་འགྱུར་གྱི་ལམ་འཚོལ་ཞིབ་བྱེད་དགོས་ཟེར།

        ཁྲུན་ཆོན་གོ་དང་ཡུག་ཆོན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1