གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༡༩ཉིན།

༄༅།། གནས་ཚུལ་རིགས་གསུམ་གྱིས་ཁྱེད་ཀྱི་བསླབ་གནས་མེད་པར་བཟོ་ཡང་སྲིད།


           ཟླ3པའི་ཚེས15ཉིན། སློབ་གསོ་པུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསླབ་གནས་བཅའ་ཁྲིམས་འཆར་ཟིན(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ《འཆར་ཟིན》ཞེས་བསྡུ་རྒྱུ)ལ་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་ཤིང་།《འཆར་ཟིན》ནང་དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་གྱི་བསླབ་གནས་སྤྲོད་པའི་ཆ་རྐྱེན་དང་གོ་རིམ་ཁ་གསལ་བཏོན་པ་མ་ཟད། རིག་གཞུང་ཐད་ཀྱི་ཚུལ་མིན་གནད་དོན་དག་ཐག་གཅོད་ཇི་ལྟར་བྱ་རྒྱུའི་ཐད་གཏན་འབེབས་ཀྱང་བཟོས་ཡོད།
           《འཆར་ཟིན》ནང་བསླབ་གནས་རེ་འདུན་ཞུ་མཁན་གྱིས་བསླབ་གནས་སྤྲོད་པའི་ལས་ཁུངས་ལ་སློབ་སྦྱོང་བྱེད་རིང་དང་བསླབ་གནས་རེ་ཞུ། ལས་རིགས་གཅིག་པའི་དཔྱད་འཇོག དཔྱད་རྩོམ་བགྲོ་གླེང་བཅས་ཀྱི་བརྒྱུད་རིམ་ནང་རིག་གཞུང་ཐད་ཀྱི་བྱ་སྤྱོད་མི་ལེགས་པ་དང་། རྫུན་བཟོ་བྱེད་པ་སོགས་བྱས་ཡོད་ཚེ་བསླབ་གནས་དཔྱད་སྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་བསླབ་གནས་མི་སྤྲོད་རྒྱུ་ཐག་བཅད་ཆོག་པར་གཏན་འབེབས་བྱས་ཡོད།
           བསླབ་གནས་བླངས་ཟིན་མཁན་ཚོས་བསླབ་གནས་ལེན་པའི་བརྒྱུད་རིམ་ཁྲོད་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན། བསླབ་གནས་དཔྱད་སྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་གྲོས་བྱས་ནས་ཐག་བཅད་དེ་བསླབ་གནས་སྤྲོད་པའི་སྡེ་ཚན་གྱིས་བསླབ་གནས་བླངས་ཟིན་མཁན་དེའི་བསླབ་གནས་རྩིས་མེད་གཏོང་རྒྱུ་དང་། བསླབ་གནས་དཔང་ཡིག་ཕྱིར་བསྡུ་བའམ་གོ་མི་ཆོད་པ་ཁྱབ་བསྒྲགས་བྱེད་དགོས།
           བསླབ་གནས་དཔྱད་རྩོམ་མམ་ལག་ལེན་གྱི་གྲུབ་འབྲས་ལ་བརྐུ་བཤུས་དང་། རྫུན་བཟོ། བཤུ་འབྲི། གྲངས་གཞི་རྫུན་བཟོ་སོགས་རིག་གཞུང་ཐད་ཀྱི་སྤྱོད་ངན་ཚབས་ཆེན་ཡོད་པ་དང་སྤུས་ཚད་ཚད་གཞི་དང་མི་མཐུན་པ།
           གཞན་མིང་རང་དུ་རྫུས་པ་དང་ལྐོག་ནས་གཡོ་ཟོལ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་ཐབས་ལ་བརྟེན་ནས་སློབ་ཞུགས་ཐོབ་ཐང་ངམ་སློབ་ཐོན་ལག་ཁྱེར་རག་པ།
           སློབ་སྦྱོང་བྱེད་རིང་བསླབ་གནས་སྤྲོད་མི་འོས་པའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པ།
           བསླབ་གནས་སྤྲོད་པའི་སྡེ་ཚན་གྱིས་བསླབ་གནས་མི་སྤྲོད་པའམ་བསླབ་གནས་མེད་པར་བཟོ་རྒྱུའི་གྲོས་ཐག་མ་བཅད་གོང་བསླབ་གནས་རེ་འདུན་ཞུ་མཁན་ནམ་བསླབ་གནས་ཐོབ་མཁན་གྱི་ཞུ་འབུལ་དང་དག་འབུད་ལ་ཉན་དགོས།
           《འཆར་ཟིན》ནང་དུས་མཚུངས་སུ་སློབ་གསོ་མྱོང་མཁན་གྱིས་རང་ཉིད་ཀྱི་བསླབ་གནས་ཞུ་ཡིག་ལ་བདག་སྤྲོད་མི་བྱེད་པ་དང་རང་ཉིད་ལ་བསླབ་གནས་མ་སྤྲད་པའི་གྲོས་ཆོད་དང་གཏན་འབེབས་ལ་བློ་ཁར་མི་འཚམ་པ་དང་། བསླབ་གནས་ཐོབ་མཁན་གྱིས་རང་ཉིད་ཀྱི་བསླབ་གནས་མེད་པར་བཟོ་བའི་གྲོས་ཆོད་དང་གཏན་འབེབས་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ། བསླབ་གནས་སྤྲོད་པའི་སྡེ་ཚན་ལ་དག་སེལ་དགོས་པའི་ཞུ་ཡིག་ཕུལ་ཆོག་ཅེས་གཏན་འབེབས་གསལ་པོར་བཟོས་ཡོད།
           ཁེ་གྱོང་གི་འབྲེལ་བ་ཡོད་པའི་སྤྱི་དམངས་དང་། ཁྲིམས་མི། སྒྲིག་འཛུགས་གཞན་དག་ལ་བསླབ་གནས་སྤྲོད་པའི་གྲོས་ཆོད་དང་གཏན་འབེབས་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་བསླབ་གནས་སྤྲོད་པའི་སྡེ་ཚན་ལ་བསམ་འཆར་མི་མཐུན་པ་བཏོན་ཆོག
           བསླབ་གནས་སྤྲོད་པའི་སྡེ་ཚན་གྱིས་དག་སེལ་དགོས་པའི་ཞུ་ཡིག་གམ་ཡང་ན་བསམ་འཆར་མི་མཐུན་པ་འབྱོར་པའི་ཉིན་ནས་བཟུང་ཉིན་དགུ་བཅུའི་ནང་བསྐྱར་ཞིབ་བྱ་དགོས་པ་མ་ཟད་བསྐྱར་ཞིབ་ཀྱི་གཏན་འབེབས་ཡང་འཇོག་དགོས། བསྐྱར་ཞིབ་ཀྱི་གཏན་འབེབས་ལ་སྔར་བཞིན་མོས་མཐུན་མ་བྱུང་ཚེ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་བར་རེ་འདུན་ཞུ་བའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱས་ཆོག
           བསམ་འཆར་འདོན་པའི་དུས་ཚོད་ནི་སྤྱི་ཟླ4པའི་ཚེས15ཉིན་བར་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1