ཧྭ་ཁྲུན་དབྱིང་གིས་མོའི་འཚེམ་དྲུབ་སྒྱུ་རྩལ་ལ་བསྟོད་བསྔགས་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-22



    ཟླ་3ཚེས་16ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་དྲྭ་ཐོག་ཏུ་ཆ་འཕྲིན་ཞིག་སྤེལ་ནས། སི་ཁྲོན་བོད་རིགས་ཆའང་རིགས་ཀྱི་འཚེམ་དྲུབ་སྒྱུ་རྩལ་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་དབྱང་ཧྭ་ཀྲིན་ལ་བསྟོད་པ་བྱས་ཡོད། 

    དབྱང་ཧྭ་ཀྲིན་ནི་ལོ་64ཡིན། ཁོང་མོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་བོད་སྡེ་ཞིག་ཏུ་སྐྱེས་པ་དང་། ལོ་51ཐོག་ལས་གཏོད་འགོ་བརྩམས་ནས། “ཨ་ཅེ་རྒན་པ”18ཁྲིད་ནས་རི་ཁུལ་ནས་ཐོན་ཏེ། འཚེམ་དྲུབ་སྒྱུ་རྩལ་ལ་བརྟེན་ནས་ལས་གཏོད་བྱེད་པ་དང་། ཆེས་མཐའ་མཇུག་ཏུ་རྒྱལ་སྤྱིའི་དར་སྲོལ་ཆེ་བའི་གར་སྟེགས་སུ་འཛེགས་ཐུབ་ཡོད། སྔ་རྗེས་སུ་ཀྲི་ཚུན་ཞུའུ་དང་ཤིང་པ་ཁེ། ཧོ་ལན་ཧྥང་ཀའོ་རྟེན་རྫས་བཤམས་མཛོད་ཁང་། ཧྥ་རན་སེའི་སྦྲག་སྲིད་སོགས་ཚོང་རྟགས་གྲགས་ཅན་དང་ལས་ཁུངས་དག་དང་མཉམ་ལས་བྱས་ཡོད། 


   གསར་འགོད་པས་ཚེས་17ཉིན་དབྱང་ཧྭ་ཀྲིན་དང་འབྲེལ་གཏུགས་བྱེད་དུས། ཁོང་མོས་གཟི་ཚ་སྡེ་དགུ་རུ་བོད་ཆའང་འཚེམ་དྲུབ་གསོ་སྦྱོང་རྟེན་གཞི་འཛུགས་གྲབས་བྱེད་བཞིན་འདུག ཁོང་མོས། “སི་ཀྲང་ཧྭ་ཁྲུན་དབྱིང་གིས་རང་ཉིད་ལ་བསྟོད་པ་བྱས་ཡོད་པ་མཐོང་དུས། སེམས་པ་ཧ་ཅང་སྤྲོ་པོ་བྱུང་ལ། རང་ཉིད་ལ་མངོན་མིན་རིག་གནས་ཤུལ་བཞག་འོས་སྦྱོར་རྒྱ་སྐྱེད་ལ་སྔར་བས་ཡིད་ཆེས་ལྡན་བྱུང་།”ཞེས་བཤད། 
   ལོ་51སྔོན་ལ། དབྱང་ཧྭ་ཀྲིན་གྱིས་འཚེམ་དྲུབ་ནི་རང་ཉིད་ཀྱི་དགའ་ཞེན་ཞིག་ངོས་འཛིན་བྱས་ཡོད། འདི་ལ་བརྟེན་ནས་ལས་དོན་ཞིག་གཉེར་རྒྱུ་བསམ་མྱོང་གཏན་ནས་མེད། མཐོ་འབྲིང་སློབ་མཐར་ཕྱིན་རྗེས། ན་གཞོན་ཤེས་ཡོན་ཅན་བྱས་མྱོང་ལ། དམངས་གཉེར་དགེ་རྒན་ཡང་བྱས་མྱོང་། ད་དུང་པར་ལེན་པ་རང་སྦྱོང་བྱེད་ནས་པར་ལེན་ཁང་ཞིག་གཉེར་མྱོང་། 1994ལོར་རྔ་བའི་ཉིན་རེའི་ཚགས་པ་ཁང་གི་པར་ལེན་གསར་འགོད་པ་གྱུར། 

   2008ལོར། ཝུན་ཁྲོན་ས་ཡོམ་ཆེན་པོའི་དུས་སུ། དབྱང་ཧྭ་ཀྲིན་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཡུན་ཞིའུ་རུ་འགྲོ་མྱོང་། གེགས་བར་ལས་ཐར་བའི་ཁོང་མོས་སྟབས་མི་ལེགས་པ་དང་ཞུམ་མེད་སྟོབས་ཤུགས་མང་པོ་མཐོང་ཡོད། 


   ས་ཡོམ་བྱུང་ནས་ཡུན་རིང་མ་འགོར་བ། དབྱང་ཧྭ་ཀྲིན་ཚགས་པ་ཁང་ནས་བུད་དེ་ཕ་ཡུལ་གྱི་“ཨ་ཅེ་རྒན་པ་”18ཁྲིད་དེ་ཞིང་ཆེན་ལྟེ་གནས་ཁྲེན་ཏུའུ་རུ་ཕྱིན་ཏེ་འཚེམ་དྲུབ་ཐོན་རྫས་འཚོང་གཉེར་བ་རེད། “ཨ་ཅེ་རྒན་པ་”18ཡི་ཕྱེད་ཀ་ནི་བོད་པ་དང་ཕྱེད་ཀ་ནི་ཆའང་རིགས་རེད། ལོ་ཚད་ཆེས་ཆུང་བ་ནི་ལོ་60ལྷག་ཡིན་ཞིང་། ཆེས་ཆེ་བ་ནི་ལོ་70བརྒལ་ཡོད། དེ་ལས་མང་ཆེ་བ་ནི་ཐེངས་དང་པོ་གྲོང་ཁྱེར་དུ་ཡོང་བ་རེད། 
   2014ལོར། ལྗར་པན་ཚོན་ལྡན་ཚོང་རྟགས་ག་གེ་མོ་ཞིག་གིས་དབྱང་ཧྭ་ཀྲིན་འཚོལ་བ་དང་། ཁོང་མོས་ཀུང་སིའི་ཁྲོམ་ར་འདོན་རྒྱུ་ཡིན་པའི་ཐོན་རྫས་གཉིས་ལ་“མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས”བཟོ་རྒྱའི་རེ་བ་བསྟན། འདི་ཡིས་དབྱང་ཧྭ་ཀྲིན་གྱི་གསར་གཏོད་ཀྱི་འཆར་སྣང་ལ་སྒུལ་ཤུགས་སྤྲོད་པ་དང་། ཁོང་མོས་བློ་ལ་བབ་པའི་ཇུས་འགོད་བརྩམས་ཆོས་ཞིག་སྤྲད་པ་རེད། 
    2015ལོ་ནས་བཟུང་། དབྱང་ཧྭ་ཀྲིན་གྱིས་ལོ་ལྟར་ཤང་ཀང་དུ་ཤང་ཀང་རྒྱལ་སྤྱིའི་རྒྱལ་སྤྱིའི་དབང་སྤྲོད་འགྲེམས་སྟོན་ལ་ཞུགས་བཞིན་ཡོད། བསྟུན་མར་ལོ་དྲུག་ལ་“བྱ་དགའ”ཐོབ་ཡོད། 2020ལོའི་ཟླ་1པའི་ཤང་ཀང་རྒྱལ་སྤྱིའི་དབང་སྤྲོད་འགྲེམས་སྟོན་ཐོག རྒྱལ་སྤྱིའི་ཚོང་རྟགས་རྩེ་གྲ་ག་གེ་མོ་ཞིག་གིས་ཏུན་ཧོང་ལྡེབ་རིས་ལ་གཞིགས་ནས་གསར་གཏོད་བྱས་པའི་《པད་མའི་རི་མོ》ཡི་དབང་སྤྲོད་ལ་མིང་རྟགས་བཀོད་ཡོད། ཡུན་རིང་མ་འགོར་བ་ཁོང་མོས་ཇུས་འགོད་རི་མོའི་སྐེ་རས་ཁྲོམ་ར་ཐོན་རྒྱུ་རེད། 
    2008ལོ་ནས་ད་བར། དབྱང་ཧྭ་ཀྲིན་གྱིས་རིམ་རྩིས་བྱས་ནས་མི་ཐེངས་4000ལ་གསོ་སྦྱོང་བྱས་ཡོད། མིག་སྔར། ཁོང་མོས་དགེ་ཕྲུག་ཁྲིད་ནས་ལོ་ལྟར་སྒྱུ་རྩལ་བ་རྒན་པ་ལ་བཅར་འདྲི་བྱེད་པ་དང་། དམངས་ཁྲོད་དུ་ཐར་ཐོར་ཡོད་པའི་ལག་རྩལ་བསྡུ་རུག་དང་སྲུང་སྐྱོང་བྱེད་བཞིན་ཡོད། 
“མདོ་བསྡུས་ན། མི་རིགས་ཀྱི་ཁྱད་རྫས་ནི་འཛམ་གླིང་གི་རེད།”ཅེས་དབྱང་ཧྭ་ཀྲིན་གྱིས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1