གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༢༢ཉིན།

ནག་ཆུས་“3·19”ས་ཡོམ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།


     སྤྱི་ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་དུ་འབྲི་རུ་རྫོང་གི“གསུམ་པའི་བཅུ་དགུའི”ས་ཡོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ས་ཡོམ་རོགས་སྐྱོབ་ཀྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་ཡོད།



འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

     མིག་སྔར། ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་སེམས་ཁ་བརྟན་པོ་ཡོད་པ་དང་། འཕྲལ་སྒྲུབ་དོ་དམ་ཅུད་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། རང་བྱུང་ཐོན་ཁུངས། ཞིང་ལས་དང་གྲོང་གསེབ། འགྲིམ་འགྲུལ་སྐྱེལ་འདྲེན། མི་དམངས་འགན་བཅོལ་ཀུང་སི་སོགས་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ས་ཡོམ་བརྒྱབ་ཁུལ་དུ་འབྱོར་ནས་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད། གྲོང་གསེབ་ཀྱི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཁོང་ཚོ་གནོད་སྐྱོན་ཕོག་པའི་ཁང་པའི་ནང་ནས་བདེ་འཇགས་ངང་གནས་སྤོས་ཡོད་པ་དང་ གུར་བརྒྱབ་ནས་གནོད་འཚེའི་རྗེས་ཀྱི་རང་སྐྱོབ་ལས་དོན་སྤེལ་བ་སོགས་ལས་དོན་ཁག་གོ་རིམ་དང་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
     སྤྱི་ཟླ་3པའི་ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་6པའི་བར། འབྲི་རུ་རྫོང་དང་། གསེར་རྙེད་ཆུས། གཉན་རོང་རྫོང་། སྦྲ་ཆེན་རྫོང་། སོག་རྫོང་བཅས་ཤང་དང་གྲོང་རྡལ་30དང་གྲོང་ཚོ་དང་སྡེ་ཁུལ་46། དུད་ཚང་4753དང་མི་30153ལ་ཚད་གཞི་མི་འདྲ་བའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཡོད།
     གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། གོམ་སྟབས་རྗེས་མར། ནག་ཆུ་གྲོང་ཁྱེར་གྱིས་ཕྱོགས་5ཡི་ཐད་ནས་རྗེས་མཐུད་ཀྱི་ཡོམ་འགོག་གེགས་སེལ་གྱི་རོགས་སྐྱོབ་ལས་དོན་བསྒྲུབ་རྒྱུ་ཡིན་པ་རེད། དེ་ཡང་། གཅིག་ནས་ཞོར་ཐོན་གནོད་འཚེ་སྔོན་འགོག་ལས་དོན་ཏན་ཏིག་ངང་བསྒྲུབ་རྒྱུ་དང་། གྱང་ལ་གས་ཆག་བྱུང་ཡོད་པའི་ཁང་པའི་ནང་དུ་སྡོད་མཁན་གྱི་མང་ཚོགས་ཚང་མ་གནས་སྤོ་རུ་འཇུག་རྒྱུ། དུད་ཚང་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་གྲོང་ཚོ་ནས་དུད་ཚང་མི་ལུས་པ་དང་དུད་ཚང་ནས་མི་མི་ལུས་པ་བྱ་རྒྱུ།
     གཉིས་ནས་གནོད་འཚེའི་གནས་ཚུལ་གྲལ་བཤེར་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབ་རྒྱུ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ཨུ་ལྷན་གཉིས། ཏང་ཡོན། དེ་བཞིན་མཉམ་འབྲེལ་དུད་ཁྱིམ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྡོད་ཁང་དང་རྒྱུ་ནོར་སོགས་ལ་གནོད་འཚེ་ཕོག་ཚུལ་བསྡོམས་རྩིས་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་།ཞིང་ལས་དང་གྲོང་གསེབ་སོགས་ཚན་པས་འབྲེལ་ཡོད་ཁང་པ་དང་ལྷས་ར་སོགས་ཀྱི་གནོད་འཚེ་ཕོག་ཚུལ་ལ་དཔྱད་དཔོག་ཡག་པོ་བྱ་རྒྱུ།
     གསུམ་ནས་གནོད་སེལ་དངོས་ཟོག་བགོ་འགྲེམས་ལས་དོན་ཡག་པོ་བསྒྲུབ་རྒྱུ། གནོད་འཚེ་ཕོག་ཁུལ་དུ་འབྱོར་བའི་ཡོམ་འགོག་གནོད་སེལ་དངོས་ཟོག་གང་མགྱོགས་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ། མང་ཚོགས་འཁྱག་ལྟོགས་ཀྱིས་མི་མནར་བའི་འགན་ལེན་ཏན་ཏིག་བྱ་རྒྱུ།
     བཞི་ནས་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྤྱི་བདེ་དང་། ཕྱོགས་བསྡུས་བཅོས་སྐྱོང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག མཉམ་འབྲེལ་དུད་ཁྱིམ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བར་འགན་ལེན་བྱ་རྒྱུ།
     ལྔ་ནས་ལས་ཀའི་སྒྲིག་ལམ་ནན་དུ་གཏོང་རྒྱུ། བཀོད་འདོམས་པུའི་ཁོངས་གཏོགས་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་དང་ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ལ་འགན་ལེགས་པོ་འཁུར་བའི་རྣམ་འགྱུར་གྱིས་ས་ཡོམ་བྱུང་རྗེས་ཀྱི་གནོད་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ནས། དུས་ཐོག་ཏུ་ཆ་འཕྲིན་བརྗེ་རེས་དང་མཐུན་སྦྱོར་བདེ་བླག་ཡོང་བར་འགན་ལེན་བྱ་རྒྱུ་བཅས་ཡིན་པ་རེད།
     ནག་ཆུ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་སྐྱ་ཐོ་དང་། འབྲི་རུ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་སྤེན་པ་ཚེ་རིང་། ནག་ཆུ་གྲོང་ཁྱེར་འཕྲལ་སྒྲུབ་དོ་དམ་ཅུད་ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཅུད་ཀྲང་གཞོན་པ་ཧོ་ལིན་བཅས་ཀྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད།
     བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། འབྲི་རུ་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་གསར་འགོད་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1