༄༅།།ཕག་གྲུའི་དུས་སྐབས་ཀྱི་རྫོང་དང་གཞིས་ཁའི་སྐོར་ཅུང་ཟད་གླེང་བ།

ལྷག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-23



ལྷག་པ།
[ནང་དོན་གནད་བསྡུས ] ཕག་གྲུའི་སྲིད་དབང་གི་དུས་སྐབས་ནི་དབུས་གཙང་ཁུལ་དུ་རྫོང་དང་གཞིས་ཁ་མང་དུ་བྱུང་བའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཡིན་པས། རྩོམ་ཡིག་འདིའི་ནང་ཐོག་མར་རྫོང་དང་གཞིས་ཁ་ཞེས་པའི་ཐ་སྙད་ཀྱི་སྐོར་རགས་ཙམ་བརྗོད་པ་དང་། དེ་རྗེས་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གི་ནང་དུ་རྫོང་ཆེན་བཅུ་གསུམ་ཞེས་སུ་གྲགས་པ་རྣམས་ལ་ཕག་གྲུའི་དུས་སུ་སྤྱིར་གཞིས་ཁ་ཞེས་པའི་ཐ་སྙད་རྒྱུན་དུ་སྤྱོད་པའི་ལུང་གི་སྒྲུབ་བྱེད་མང་དུ་བཀོད་དེ། སྐབས་དེའི་སྲིད་དབང་དང་འབྲེལ་བའི་རྫོང་ཡིན་ན་གཞིས་ཁ་ཞེས་པའི་མིང་བརྡ་འཇུག་པར་ངེས་ཚུལ་དང་། གཞིས་ཁ་ཡོད་ཚད་ལ་རྫོང་ཞེས་པའི་ཐ་སྙད་འཇུག་པའི་ཁྱབ་པ་མེད་པའི་ལོ་རྒྱུས་ཀྱི་སྣང་ཚུལ་བསྟན་པ་དང་སྦྲགས། རྫོང་གཞིས་གཉིས་ཀྱི་འབྲེལ་བའི་སྐོར་ལ་དབྱེ་ཞིབ་བགྱིས་ནས་དུས་སྐབས་དེར་རྫོང་ཡིན་ན་གཞིས་ཁ་ལས་རིམ་པ་མཐོ་བའི་སྲིད་འཛིན་གྱི་ཚན་པ་ཡིན་པར་འཛིན་པའི་རྒྱུན་སྲོལ་གྱི་ལྟ་ཚུལ་ལ་དགག་གཞག་ཅུང་ཟད་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] རྫོང་། གཞིས་ཁ། ཕག་གྲུའི་སྲིད་དབང་། རྫོང་གཞིས་གཉིས་ཀྱི་འབྲེལ་བ།
[ ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K8740[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2019)01 -062-15
         དུས་རྒྱུན་ང་ཚོས་ལྟ་ཀློག་བྱེད་པའི་དཔེ་དེབ་དང་རྩོམ་ཡིག་མི་ཉུང་བ་ཞིག་གི་ནང་རྫོང་གཞིས་གཉིས་ཀྱི་འབྲེལ་བའི་སྐོར་ཁ་གསལ་མ་བྱུང་བའི་དབང་གིས་སྐྱེ་བོ་མང་པོའི་སྣང་ངོར་གཞིས་ཁ་ཡིན་ན་རྫོང་གི་མངའ་འོག་གམ་རྫོང་ལས་རིམ་པ་དམའ་བའི་སྲིད་འཛིན་ཚན་པ་ལྟ་བུ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཡང་འགའ་ཞིག་གིས་ཕག་གྲུའི་སྲིད་དབང་གི་སྔ་ཆའི་དུས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་འཛིན་མའི་ས་མདུད་རྣམས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་རྗེས་གོང་དཀར་དང་རིན་སྤུངས། འོལ་ཁ་སྟག་རྩེ་ལ་སོགས་པའི་གཞིས་ཁ་ཁག་གཅིག་རིམ་བཞིན་རྫོང་དུ་འགྱུར་བ་ཡིན་པར་འདོད། ང་ཚོས་ཕག་གྲུའི་དུས་སྐབས་ཀྱི་ལོ་རྒྱུས་རྣམ་ཐར་དང་ཆོས་འབྱུང་ཁག་ལ་ཞིབ་པར་བལྟས་ཚེ་ཕག་གྲུའི་དུས་སྐབས་ཀྱི་རྫོང་གཞིས་གཉིས་ཀྱི་འབྲེལ་བ་དང་དེ་དག་སོ་སོའི་གོ་དོན་ངོ་མ་ཅི་ཡིན་སྐོར་ཁ་གསལ་ཞིག་རྟོགས་ཐུབ་པས། གཤམ་དུ་ཁོ་བོས་དེའི་སྐོར་ལ་ཅུང་ཟད་དཔྱད་པར་བྱའོ།
དང་པོ། རྫོང་དང་གཞིས་ཁ་ཞེས་པའི་ཐ་སྙད་ཀྱི་སྐོར།
         གཅིག རྫོང་ཞེས་པའི་ཐ་སྙད་ཀྱི་སྐོར།
         གནའ་བོའི་རྡོ་རིང་དང་བྲག་བརྐོས་ཡི་གེ་སོགས་ལས་རྫོང་ཞེས་པའི་ཐ་སྙད་ཪྙེད་དཀའ་ལ། ཏུན་ཧོང་བོད་ཡིག་ཡིག་རྙིང་ཁྲོད་དུའང་རྫོང་དང་དོན་འདྲ་བའི་“མཁར་”ཞེས་པའི་ཐ་སྙད་ཙམ་ལས་རྫོང་ཞེས་པའི་མིང་བརྡ་ཐད་ཀར་ཐོན་པ་ཁོ་བོའི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར། འོ་ན་ཕག་གྲུའི་དུས་སུ་རྫོང་ཆེན་བཅུ་གསུམ་དངོས་སུ་བཏབ་པ་ལས་རྫོང་ཞེས་པའི་ཐ་སྙད་གསར་དུ་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། དུས་དེ་ལས་སྔ་བའི་ལོ་རྒྱུས་ཡིག་ཚང་ནང་དུ་ཐ་སྙད་དེ་གསལ་བའི་ཕྱིར། དཔེར་ན་《བཀའ་ཐང་སྡེ་ལྔ་》ལས་གཉའ་ཁྲི་བཙན་པོའི་གོང་རོལ་གྱི་ལོ་རྒྱུས་གླེང་སྐབས། “དེ་དུས་བོད་ཁམས་མི་ལ་རྗེ་མེད་པས༔རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས༔”①ཞེས་བྱུང་བ་ལས་རྟོགས་ཐུབ་པ་ཡིན། དེ་མིན་“བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུང། ། སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འཕོ །”②ཞེས་ས་སྐྱའི་དུས་ཀྱི་ལོ་རྒྱུས་མཚོན་པའི་གཏམ་དཔེ་ལས་ཀྱང་རྫོང་ཞེས་པའི་ཐ་སྙད་དེ་ཕག་གྲུའི་སྲིད་དབང་གི་གོང་ནས་མཁར་རྫོང་ལྟ་བུའི་དོན་ལ་འཇུག་བཞིན་ཡོད་པ་རྟོགས་ཐུབ། དེས་ན་བོད་ཀྱི་ལོ་རྒྱུས་ཐོག་སྲིད་དབང་དང་འབྲེལ་བའི་རྫོང་གཞིས་རྒྱ་ཆེར་རྩིག་སྲོལ་ནི་ཐོག་མར་ཕག་གྲུའི་དུས་སུ་བྱུང་བ་ཡིན་པ་ལོ་རྒྱུས་སྨྲ་བ་ཀུན་ཞལ་གཅིག་མཐུན་ཡིན་ལ། ཕག་གྲུའི་དུས་སྐབས་ཀྱི་ཡིག་ཚང་དང་ད་ལྟ་ལྷག་ལུས་སུ་ཡོད་པའི་རྫོང་ཤུལ་དག་ལ་བལྟས་ན། དབུས་གཙང་ཁུལ་གྱི་རྫོང་གི་མིང་དུ་ཐོགས་པ་རྣམས་ཀྱི་གནས་ཡུལ་ནི་རི་སྟེང་གི་ས་བཙན་དང་བྲག་རི་སོགས་ཀྱི་སྟེང་དུ་ཡིན་པ་མཐོང་ཐུབ།
         ད་ཕན་མཇལ་དུ་ཡོད་པའི་བོད་ཀྱི་ཡིག་ཚང་རྙིང་པ་ཁག་ལ་གཞིགས་ན། རྫོང་ཞེས་པའི་ཡི་གེའི་འབྲི་ཚུལ་ཐད་“རྫོང་”③དང་“སྫོང་”④ཞེས་མི་གཅིག་པ་གཉིས་བྱུང་ཡོད། དེ་ཡང་སྤྱིར་ཆོས་འབྱུང་དང་རྣམ་ཐར་ཕལ་མོ་ཆེར་“རྫོང་”ཞེས་ར་མགོ་ཅན་བྱུང་ཡང། ལྔ་པ་ཆེན་པོའི་རང་རྣམ་དང་དུས་རབས་བཅུ་གསུམ་ནས་བཅུ་བདུན་པའི་བར་བྱོན་པའི་བཀའ་བརྒྱུད་པའི་བླ་མ་མང་པོ་ཞིག་གི་རྣམ་ཐར་ནང་ས་མགོ་ཅན་གྱི་“སྫོང་”བྱུང་བ་མ་ཟད། དུས་སྐབས་དེའི་ནང་མཛད་པའི་རྣམ་ཐར་དང་གདན་རབས་ལ་སོགས་པའི་ཡིག་ཆ་གཞན་གྱི་ནང་དུ་ཡང་དེང་སྐབས་ར་མགོ་ཐོབ་པ་མང་པོ་ཞིག་ལ་“ཡོངས་སྔོགས་”དང་། “བསྙེན་སྫོགས་”“ཀུན་སྫོབ་”ཞེས་ས་མགོ་བྲིས་འདུག འདིར་“རྫོང་”དང་“སྫོང་”ཞེས་པའི་འབྲི་ཚུལ་གཉིས་ལས་གང་ཞིག་དག་པ་དང་གང་ཞིག་མ་དག་པའི་སྐོར་ལ་ཆེད་དུ་ཞིབ་འཇུག་བྱས་མེད་པས་བརྗོད་པའི་སྤོབས་པ་དང་བྲལ། གང་ལྟར་ན་ཡང་རྫོང་(སྫོང་)ཞེས་པ་ནི་དགྲ་འགོག་གི་ནུས་པ་ལྡན་པའི་མཁར་སོགས་རྩིག་དངོས་སམ་དེ་དང་འདྲ་བའི་ནུས་པ་ཡོད་པའི་གནས་ཀྱི་མིང་དུ་བྱེད་ལ། ཕག་གྲུའི་སྲིད་དབང་གི་དུས་སུ་ཕག་གྲུ་སྡེ་སྲིད་ཀྱི་མངའ་འོག་ཏུ་གྱུར་བའི་ཡུལ་ལུང་ཁག་གི་སྲིད་འཛིན་གྱི་ལྟེ་བའི་གཞིས་ཁ་མཁར་རྫོང་གི་⑤རྣམ་པ་ཅན་དེ་དག་ལ་ཐོགས་པའི་ཐ་སྙད་ཅིག་ཀྱང་ཡིན།   
         གཉིས། གཞིས་ཁ་ཞེས་པའི་ཐ་སྙད་ཀྱི་སྐོར།
         གཞིས་ཁ་ཞེས་པའི་ཐ་སྙད་ལ་དཔེ་རྙིང་ཁག་ལས་འབྲི་ཚུལ་གཉིས་ཙམ་བྱུང་སྟེ། “གཞིས་ཀ་”⑥དང་“གཞིས་ཁ་”⑦ཞེས་པ་ལྟ་བུ་ཡིན། འོན་ཀྱང་དེ་གཉིས་པོ་ནི་མིང་མཐའ་རྟགས་མཚུངས་དང་བརྗོད་བདེའི་ཁྱད་པར་ཙམ་ལས་མེད་པས། དུས་རྒྱུན་དུ་གཞིས་ཀ་དང་གཞིས་ཁ་ཞེས་རང་ཉིད་ཀྱི་ངག་ལ་གང་བདེར་བརྗོད་ཆོག་པར་སྙམ། འདིར་གཞིས་ཁ་ཞེས་འབྲི་བ་ནི་《ཏའི་སི་ཏུའི་བཀའ་ཆེམས་》དང་《དེབ་སྔོན་》སོགས་ལས་གཞིས་ཁ་ཞེས་མིང་མཐའ་ཁ་ཡིག་ཤ་སྟག་ཏུ་བྱུང་བས་དེ་ལྟར་སྤྱད་པ་ཡིན།   
         དེ་ཡང་《ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་》ལས། “རོང་ཆུང་དུ་གཙུག་ལག་ཁང་ཕལ་ཆེར་ལོ་ཙཱ་བས་བཞེངས་པའོ། ། ཁྱད་པར་མཆོད་གཞིས་ཡོད་པའི་ཡུལ་རེ་རེ་རུ་གཙུག་ལག་ཁང་མཚོན་པ་རེ་རེ་ཡོད་”⑧ཅེས་བསྟན་པ་དེ་ནི་ད་བར་གཞིས་ཁའི་སྐོར་དང་འབྲེལ་བའི་ལོ་རྒྱུས་དཔྱད་ཡིག་སྔ་གྲས་ཤིག་ཡིན་ལ། དེ་བཞིན་དུ་བོད་སིལ་བུ་དང་ས་སྐྱའི་སྲིད་དབང་སོགས་ཀྱི་དུས་སུ་མཛད་པའི་ལོ་རྒྱུས་ཡིག་ཚང་ནང་དུ་ཡང་གཞིས་ཁའི་སྐོར་མང་དུ་འཁོད་ཡོད་པ་ནི་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ལས། “རང་རེ་ཕན་ཚུན་གྱི་ཁུལ་ནའང་བཀའ་གདམས་པས་བརྩིགས་པའི་དགོན་སྡེ།  ལྷ་ཁང་གཞིས་ཁ་མང་”⑨ཞེས་དང་། 《རྒྱ་བོད་ཡིག་ཚང་》ལས། “ཞལ་ལུ་གསེར་ཁང་བྱ་བ་དང་གཞིས་ཁ་གསེར་སྡིངས་ཟེར་བ་འདུག་”⑩ཅེས་སོགས་འཁོད་པ་ལས་རྟོགས་ཐུབ་པ་ཡིན།
         མདོར་ན། གཞིས་ཁ་ཞེས་པའི་ཐ་སྙད་ནི་སྤྱིར་བོད་སིལ་བུའི་སྐབས་ཙམ་ནས་ཐོན་ཞིང་ས་ཕག་གི་དུས་སྐབས་སུ་དབུས་གཙང་གི་ས་ཕྱོགས་གང་སར་དར་ཁྱབ་བྱུང་བ་དང་སྦྲགས། དེ་ཉིད་རིམ་བཞིན་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྱོང་གི་མ་ལག་གམ་ཚན་པ་ལྟ་བུ་ཞིག་མཚོན་བྱེད་ཅིག་ཏུ་གྱུར་ཞིང་། ལྷག་པར་དུ་ཕག་གྲུའི་སྲིད་དབང་གི་དུས་སྐབས་སུ་ས་ཞིང་དང་འབྲོག་ར། ཕྱུགས་རིགས། བྲན་གཡོག་སོགས་མངའ་ཁོངས་སུ་ཡོད་པའི་སྲིད་འཛིན་གྱི་སྡེ་ཚན་ལྟ་བུ་ཞིག་ཏུ་གྱུར་ཡོད།   
         གསུམ། རྫོང་གཞིས་ཞེས་པའི་ཐ་སྙད་ཀྱི་སྐོར།   
         ཕག་གྲུའི་དུས་སྐབས་སུ་བརྩམས་པའི་《དེབ་ཐེར་འཕྲུལ་གྱི་ལྡེ་མིག་》ཅེས་པའི་ནང་། “ཆུ་བྱིའི་སྟོན་དུས་སྡེ་པ་སྒར་པ་དང་། ནང་སོ་ཀུན་བཀྲས་པས་གཙོས་པའི་གཙང་པའི་དཔུང་ཡར་འབྲོག་ནས་བརྒྱུད་དེ་གཞུང་དུ་ལྷགས་པ་ཡར་གོང་སྣེལ་གསུམ་གྱི་སྡེ་པའི་ལག་ནས་རྫོང་གཞིས་ཁ་ཡར་བླངས་”⑾ཞེས་བྱུང་བ་ལྟར་ན། རྫོང་གཞིས་ཞེས་པའི་ཐ་སྙད་ནི་ཕག་གྲུའི་སྲིད་དབང་གི་དུས་སུ་གསར་དུ་བྱུང་བའི་ཐ་སྙད་ཅིག་ཡིན་པར་སྙམ་ཞིང་། དེ་ནི་རྫོང་དང་གཞིས་ཁ་ཞེས་པའི་ཐ་སྙད་གཉིས་ཀྱི་བསྡུས་མིང་ཡིན་ཡང་། ལོ་རྒྱུས་ཡིག་ཚང་ཁག་ནང་གཞི་གཅིག་གམ་ཡུལ་གཅིག་ལ་རྫོང་གཞིས་ཞེས་པའི་ཐ་སྙད་གཅིག་འཇུག་པ་མཐོང་དུ་མེད་དེ། དཔེར་ན། རིན་སྤུངས་ལ་རིན་སྤུངས་རྫོང་དང་གཞིས་ཁ་རིན་སྤུངས་ཞེས་པའི་ཐ་སྙད་གང་རུང་འཇུག་པ་ལས་རྫོང་གཞིས་རིན་སྤུངས་སམ་རིན་སྤུངས་རྫོང་གཞིས་ཞེས་པའི་ཐ་སྙད་ལྟ་བུ་འཇུག་པའི་སྲོལ་དེ་འདྲ་ད་ཕན་ཁོ་བོའི་མཐོང་ལམ་དུ་མ་གྱུར་བའི་ཕྱིར།
གཉིས་པ། རྫོང་དང་གཞིས་ཁའི་འབྲེལ་བའི་སྐོར།
         ཉེ་བའི་ཆར་རྫོང་དང་གཞིས་ཁའི་འབྲེལ་བའི་ཐད་ཆེད་དུ་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་བ་དང་། ཁྱད་པར་ཞིབ་འཇུག་པ་འགའ་རེས་ཕག་གྲུའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ནི་རྫོང་གཞིས་ལམ་ལུགས་ཡིན་ཞེས་སྤྱི་སྤམ་དུ་གླེང་བའི་དབང་གིས་མི་མང་པོ་ཞིག་གི་བསམ་པར། ཕག་གྲུའི་དུས་སྐབས་སུ་རྫོང་ཡིན་ན་གཞིས་ཁ་ལས་སྲིད་འཛིན་གྱི་རིམ་པ་མཐོ་བར་འདོད་པ་དང་། རྫོང་ཡིན་ན་གཞིས་ཁ་མིན་པ་དང་གཞིས་ཀ་ཡིན་ན་རྫོང་མིན་པར་སྙམ་གྱི་ཡོད། དོན་དངོས་ཐོག་རྫོང་དང་གཞིས་ཁ་གཉིས་འཇུག་པའི་ཡུལ་ནི་ཡོངས་སུ་ཐ་དད་ཡིན་པའི་ཁྱབ་པ་མེད་དེ། ཕག་གྲུའི་དུས་སྐབས་སུ་ཏའི་སི་ཏུ་⑿བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ཁུལ་དུ་རང་ཉིད་ཀྱིས་བཟུང་བའི་ས་ཆ་གནད་འགག་ཆེ་སའམ་ས་བཙན་དག་ཏུ་བཙུགས་པའི་གཞིས་ཁ་རྣམས་ལ་རྫོང་ཞེས་མིང་དུ་བཏགས་པ་དང་། དེ་དག་ལས་གཞི་རྒྱ་ཆེ་བ་དང་ཆབ་སྲིད་དམག་དོན་གང་ཐད་ནས་གནས་བབས་གལ་ཆེན་བཟུང་བ་རྣམས་ལ་རྫོང་ཆེན་ཞེས་ཐ་སྙད་བཏགས་པས། བོད་ཀྱི་ལོ་རྒྱུས་ཐོག་ཏའི་སི་ཏུས་བརྩིགས་པའི་རྫོང་ཆེན་བཅུ་གསུམ་⒀ཞེས་གྲགས་པ་ལྟ་བུའོ། ཕྱིས་ཀྱི་ཡིག་ཚང་རྣམས་སུ་དེ་དག་ལ་རྫོང་ཞེས་པའི་ཐ་སྙད་བཀོལ་ཡོད་ནའང་། ཕག་གྲུའི་དུས་སུ་བྱོན་པའི་མཁས་པ་རྣམས་ཀྱིས་བརྩམས་པའི་ཡིག་ཚང་ཁག་ནང་དུ་རྫོང་དང་གཞིས་ཁ་གཉིས་ལས་རྒྱུན་སྤྱོད་ཐ་སྙད་དུ་གཞིས་ཁ་ཞེས་པ་དེ་རང་སྤྱོད་རྒྱུགས་ཆེ་བར་སྣང་།
         གཅིག ཡིག་ཚང་ཁག་ལས་རྫོང་ཆེན་བཅུ་གསུམ་གང་རུང་ལ་གཞིས་ཁ་ཞེས་པའི་ཐ་སྙད་འཇུག་པའི་སྐོར།
         དེང་གི་ཆར་ཞིབ་འཇུག་པ་འགའ་རེས་ཕག་གྲུའི་སྲིད་དབང་འགོ་ཚུགས་པ་དང་གཞིས་ཁ་འགའ་ཞིག་རིམ་བཞིན་རྫོང་དུ་བསྒྱུར་བ་རེད་ཅེས་དང་། ཕག་གྲུའི་དུས་ཀྱི་རྫོང་དང་རྫོང་ཞེས་གོང་དཀར་རིན་སྤུངས་སོགས་ལ་དུས་སྐབས་དེར་རྫོང་ཞེས་པའི་ཐ་སྙད་སྤྱོད་པ་ལས་གཞིས་ཁ་ཞེས་པའི་ཐ་སྙད་སྦྱོར་དུ་མི་རུང་བའི་ལྟ་ཚུལ་ཡང་འཛིན་གྱི་ཡོད་རུང་། ཕག་གྲུའི་སྲིད་དབང་གི་དུས་སྐབས་ཏེ།  སྤྱི་ལོ་༡༣༤༩ནས་༡༦༡༨ལོའི་བར་མཚམས་སུ་བྱོན་པའི་སྐྱེས་ཆེན་གངས་རིའི་ཕྲེང་བ་དག་གིས་མཛད་པའི་ཚད་ལྡན་གྱི་ལོ་རྒྱུས་ཆོས་འབྱུང་དང་རྣམ་ཐར་སོགས་ལས། ཕག་གྲུའི་སྲིད་དབང་འགོ་ཚུགས་པ་ནས་ཉམས་དམས་སུ་མ་སོང་བའི་བར་གྱི་ལོ་ངོ་ཉིས་བརྒྱ་ལྷག་གི་དུས་ཚོད་ནང་སྔ་ཕྱི་བར་གསུམ་དུ་སྲིད་དབང་དང་འབྲེལ་བའི་རྫོང་ནམ་རྫོང་ཆེན་ཁག་ལ་གཞིས་ཁ་དང་རྫོང་ཞེས་ཐ་སྙད་གང་རུང་དུ་འཇུག་པ་གསལ་བ་ལས་མཐའ་གཅིག་ཏུ་རྫོང་ཞེས་པའི་ཐ་སྙད་ཁོ་ན་སྤྱད་པ་མ་མཐོང་། དེས་ན་གཤམ་ལ་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ནང་དུ། སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་“གོང་དཀར་དང་བྲག་དཀར། སྣེའུ། འོལ་ཁ་སྟག་རྩེ། བསམ་འགྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་འཛིན་མའི་ལྟེ་བའི་ས་མདུད་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས་”⒁ཞེས་རྫོང་ཆེན་བཅུ་གསུམ་དུ་གསུངས་པའི་རྫོང་མིང་དངོས་བསྟན་གྱི་གོང་དཀར་དང་བྲག་དཀར། སྣེའུ། འོལ་ཁ་སྟག་རྩེ། བསམ་གྲུབ་རྩེ། རིན་སྤུངས་བཅས་དང་། དེ་བཞིན་ཤུགས་བསྟན་དུ་ཡོད་པའི་གྲི་གུ་སྟག་རྩེ་སོགས་ལ་ཕག་གྲུའི་དུས་སྐབས་སུ་གཞིས་ཁ་ཞེས་པའི་ཐ་སྙད་འདི་རྒྱུན་སྤྱོད་ལྟ་བུར་སྣང་ཚུལ་རེ་རེ་བཞིན་དཔེ་མཆོན་དུ་དྲངས་ནས་བསྟན་པར་བྱ་བ་ལ།  
         ༡ གཞིས་ཁ་གོང་དཀར།
         གོང་དཀར་རྫོང་ཞེས་པར་གཞིས་ཁ་གོང་དཀར་ཞེས་པའི་ཐ་སྙད་འཇུག་པ་དཔེར་ན། 《འགོས་ལོ་གཞོན་ནུ་དཔལ་བའི་རྣམ་ཐར་》ལས། “དེ་དུས་གཞིས་ཁ་གོང་དཀར་ན། དབང་གྲགས་པ་རྒྱལ་མཚན་ཕེབས་པ་ལ ཕྱག་འབུལ་དུ་བྱོན་”⒂ཞེས་དང་། 《རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་རྣམ་ཐར་》ལས། “དཔོན་བཞི་འཛོམ་ཞེས་འཇིག་རྟེན་གྱི་མེས་པོ་ལྟ་བུ་དེ་ལ་གོང་མ་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཁ་གོང་དཀར་གྱི་རྫོང་དཔོན་དུ་བསྐོས་”⒃ཞེས་པ།《པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར་》ལས། “དེ་དག་གི་སྐབས་སུ་གཞིས་ཀ་གོང་དཀར་ནས་ཆས་ཁ་བཏེག་”⒄ཅེས་པ། 《དེབ་དམར་གསར་པ་》ལས། “དཔོན་ས་འགྲོ་བའི་མགོན་པོས་གཞིས་ཀ་གོང་དཀར་བཟུང་”⒅ཞེས་པ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས “གཞིས་ཀ་གོང་དཀར་ནས་དང་འཕྱོང་རྒྱས་པ་རྒྱལ་ཆེན་གླིང་པ་སོགས་སོ་སོ་ནས་ཇ་འདྲེན་ཕུལ་”⒆ཞེས་པ་དང་། 《གཉག་དབོན་བསོད་ནམས་བཟང་པོའི་རྣམ་ཐར་》ལས། “དེ་ནས་གོང་དཀར་དུ་ཕེབས། དེ་དགོང་གཞིས་ཁ་ན། ཟུལ་ཕུ་བ་དང་། གསང་ཕུ་གླིང་སྟོད་སྨད། བདེ་བ་ཅན་རྣམས་ཀྱི་གདན་ས་བའང་བྱོན་འདུག་”⒇ཅེས་པ་དང་། 《ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱི་རང་རྣམ་》ལས། “གོང་དཀར་ཞེས་བྱའི་གཞིས་ཁར་སྦྱིན་བདག་གིས། ། དད་པས་མགྲོན་དུ་གཉེར་བ་བཞིན་དུ་ཕྱིན། །”﹙21﹚ཞེས་པ།《མཁན་ཆེན་ཆོས་གྲུབ་སེང་གེའི་རྣམ་ཐར་》ལས། “དགུང་ལོ་སོ་གཅིག་པ་ལྕགས་མོ་གླང་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་གཞིས་ཁ་གོང་དཀར་ནས་བཏེག་”﹙22﹚ཅེས་པ་དང་། 《འབྲུག་པ་ངག་དབང་ཆོས་རྒྱལ་གྱི་རྣམ་ཐར་》ལས། “རིམ་གྱིས་གཞིས་ཀ་གོང་དཀར་དུ་ཕེབས་”﹙23﹚ཞེས་པ་དང་།《སྒམ་པོ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་ཐར་》ལས།“བྱ་ཡུལ་དུ་ཆོས་བར་བཏེག་པའི་ལམ་བར་དུ་གཞིས་ཁ་གོང་དཀར། རྒྱལ་ཆེན་གླིང་། མཆོང་རྒྱས་སྟག་རྩེ། ཡར་སྟོད་ལྷུན་པོ་སྒང་དུ་ཕེབས་”﹙24﹚ཞེས་དང་། 《འབྲུག་པ་དཔག་བསམ་དབང་པོའི་རྣམ་ཐར་》ལས། “ལུགས་གཉིས་ཀྱི་འདུན་ས་གཞིས་ཀ་གོང་དཀར་ཞེས་ལྷ་གཟིགས་ཀྱི་ཕོ་བྲང་གཉིས་པ་ནས་” ﹙25﹚ཞེས་དང་། 《ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་ཐར་》ལས། “གོང་མ་གྲགས་པ་རྒྱལ་མཚན་པས་གཞིས་ཀ་གོང་དཀར་ནས་ས་ཕྱོགས་དང་ཡུལ་ཕྱོགས་གང་དུ་བཞུགས་ཀྱང་སྦྱིན་བདག་མཛད་” ﹙26﹚ཅེས་པ་དང་། 《རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ལས། “དེ་ནས་གཞིས་ཀ་གོང་དཀར་དུ། མི་དབང་ཆེན་པོས་སྤྱན་དྲངས་”﹙27﹚ཞེས་པ།《མཁར་ནག་ཆོས་འབྱུང་》ལས། “རྒྱལ་བ་ཡོན་ཏན་རྒྱ་མཚོས་འབྲུག་ལོའི་ལྷ་ས་སྨོན་ལམ་གྱི་གྲལ་དབུ་མཛད། དེ་ནས་གཞིས་ཁ་གོང་དཀར་དུ་རླངས་ལྷ་གཟིགས་ཀྱི་གདུང་རྒྱུད་ངག་དབང་བཀའ་བརྒྱུད་རྣམ་རྒྱལ་ལྷ་ཡབ་སྲས་ཀྱིས་སྤྱན་དྲངས་”﹙28﹚ཞེས་པ་སོགས་ཆོས་འབྱུང་རྣམ་ཐར་མང་པོ་ཞིག་གི་ནང་དུ་གོང་དཀར་རྫོང་ལ་གཞིས་ཁ་གོང་དཀར་རམ་གོང་དཀར་གཞིས་ཁ་ཞེས་པའི་ཐ་སྙད་སྤྱད་ཡོད་པ་ལྟ་བུ།     
         ༢  གཞིས་ཁ་རིན་སྤུངས།
         རིན་སྤུངས་རྫོང་ལ་ཡང་གཞིས་ཁ་རིན་ཆེན་སྤུངས་པའམ་རིན་སྤུངས་གཞིས་ཁ་ཞེས་པའི་ཐ་སྙད་སྤྱད་ཡོད་པ་དཔེར་ན། 《དཔལ་ལྡན་རིན་ཆེན་སྤུངས་པ་སྒེར་གྱི་གདུང་རབས་ཆེ་ལོང་ཙམ་ཞིག་》ཅེས་པ་ལས། “ཏའི་སི་ཏུའི་བཀའ་གནང་ལྟར་ལོ་ཟླ་བཟང་པོའི་ཉེར་གཅིག་ལ་གཞིས་ཀ་རིན་ཆེན་སྤུངས་པའི་སྫོང་དཔོན་ལ་བསྐོ་གཞག་གནང་”﹙29﹚ཞེས་པ་དང་“སྡེ་པ་ངག་དབང་རྣམ་རྒྱལ་དགུང་ལོ་བཅོ་ལྔ་པ་ལ་གཞིས་ཀ་རིན་སྤུངས་སུ་ཕེབས་”﹙30﹚ཞེས་པ། 《དེབ་ཐེར་སྔོན་པོ་》ལས། “ཞ་ལུའི་གཙུག་ལག་ཁང་དེ་ལ་ཕྱི་མོ་བགྱིས་ཏེ་གཞིས་ཁ་རིན་སྤུངས་སུ་སློབ་དཔོན་ནམ་མཁའ་རྒྱལ་མཚན་པས་བཞེངས་”﹙31﹚ཞེས་པ་དང་། 《རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་ཐར་》ལས། “དེའི་ཚེ་བསམ་གྲུབ་རྩེ་གཞིས་ཀ་རིན་སྤུངས་པའི་ཕྱག་ཏུ་བྱུང་ཟེར་བའི་སྐད་ཆ་ཡང་དེར་བྱུང་”﹙32﹚ཞེས་པ། 《ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱི་རང་རྣམ་》ལས “ལྷོ་བྲག་ཕྱོགས་སུ་གཞིས་ཁ་རིན་སྤུངས་པའི། ། དཔུང་ཚོགས་ཆེན་པོ་འདེགས་པར་བརྩམས་པ་ལ །”﹙33﹚ཞེས་པ་དང་། 《བཀའ་བརྒྱུད་གསེར་ཕྲེང་》ལས། “གཙང་རོང་ཞོད་འཇགས་ཀྱི་སླད་དུ་གཞིས་ཀ་རིན་སྤུངས་ནས་སྤྱན་འདྲེན་ནར་མར་འབྱོར་བ་ལ་བརྟེན་གདན་བསྐྱོད་དེ། བདེ་སྐྱིད་གླིང་ནས་ས་སྐྱོང་ངག་དབང་འཇིག་རྟེན་དབང་ཕྱུག་ཡབ་སྲས་རྣམས་ཀྱིས་བསུ་བའི་བཀོད་པ་ཁྱད་པར་དུ་འཕགས་པས་སྤྱན་དྲངས་”﹙34﹚ཞེས་དང་། 《སྤྱན་སྔ་ཆོས་ཀྱི་གྲགས་པའི་གསུང་འབུམ་》ལས། “ཀུན་སྤངས་ཆེན་པོ་བསོད་ནམས་ཡེ་ཤེས་དཔལ་བཟང་པོས་བསྐུལ་བ་བཞིན་ལྕགས་ཕོ་སྤྲེའུའི་ལོར་གཞིས་ཀ་ཆེན་པོ་རིན་ཆེན་སྤུངས་པར་སྦྱར་”﹙35﹚ ཞེས་པ། 《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ་》ལས། “དེ་དུས་གཞིས་ཀ་རིན་སྤུངས་པས་ནང་སོ་སྣེལ་པ་ལ་དཔུང་ཆེན་འདེགས་པ་གནང་”﹙36﹚ཞེས་པ་དང་། 《པཎ་ཆེན་བྱམས་པ་གླིང་པའི་རྣམ་ཐར་》ལས། “རོང་རིགས་གསུམ་འོག་ཏུ་བཅུག གཞིས་ཀ་རིན་སྤུངས་ཀྱི་འགྲམ་བཏིང་། ཉང་སྟོད་སྟག་རྩེ་བརྩིགས་”﹙37﹚ཞེས་དང་། 《རྒྱལ་བ་དགེ་འདུན་རྒྱ་མཚོའི་རང་རྣམ་》ལས། “སྐྱིད་ཤོད་དུ་ཁ་བདག་གཞིས་ཀ་རིན་སྤུངས་པས་མཛད་པ་ནས་བཟུང་གསང་ཕུ་བ་དང་ཀརྨ་པ་སོགས་ཀྱིས་གླང་ལོའི་(སྤྱི་ལོ་༡༥༡༧ལོ་)སྨོན་ལམ་ཆེན་མོའི་བར་ལོ་བཅུ་དགུ་མཛད་”﹙38﹚ཅེས་པ། 《མཁན་ཆེན་ཆོས་གྲུབ་སེང་གིའི་རྣམ་ཐར་》ལས། “དེ་ནས་རིམ་གྱིས་རྟེན་ཁེབས། རྩེ་ཤར་ནུབ། གཞིས་ཁ་རིན་སྤུངས་སོགས་རྒྱུད་”﹙39﹚ཅེས་དང་། 《ཀརྨ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་རྣམ་ཐར་》ལས། “གཙང་རོང་ཞོད་འཇགས་ཀྱི་སླད་དུ་གཞིས་ཀ་རིན་སྤུངས་ནས་སྤྱན་འདྲེན་ནར་མར་འབྱོར་”﹙40﹚ཞེས་པ་དང་། 《རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་ཐར་》ལས། “ཕོ་བྲང་ཆེན་པོ་གཞིས་ཀ་རིན་ཆེན་སྤུངས་པའི་རྩེར་མི་དབང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་དང་མཇལ་”﹙41﹚ཞེས་པ། 《དཔལ་ལྡན་གཡས་རུ་བྱང་པའི་གདུང་རབས་》ལས། “ཏའི་སི་རྣམ་རྒྱལ་གྲགས་པའི་སྲས་མོ་རྡོ་རྗེ་ཚེ་རིང་མ་རྗེས་སུ་གཞིས་ཁ་རིན་སྤུངས་སུ་ཕེབས་ནས་ནང་སོ་ནོར་བུ་བཟང་པོ་ཡབ་སྲས་ཀྱི་བཙུན་མོ་མཛད་”﹙42﹚ཅེས་པ།《ཐུའི་གདུང་རབས་》ལས། “གཞིས་ཁ་རིན་སྤུངས་པའི་སྲས་མོ་དཔལ་ལྡན་མ་ཁབ་ཏུ་བཞེས་”﹙43﹚ཞེས་པ། 《གྲུབ་དབང་ཀུན་དགའ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་》ལས།“གཞིས་ཁ་རིན་སྤུངས་ནས་བཀའ་བརྒྱུད་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཅན། ནང་སོ་གཉེར་ཆེན་གྱིས་གདན་འདྲེན་བྱུང་”﹙44﹚ཞེས་དང་། 《གནས་རྙིང་གྱེན་ཐོ་》ལས། “ལོ་འདི་ལ་སྣེ་གདོང་པ་དང་གཞིས་ཁ་རིན་དཔུངས་པ་དཔོན་གཡོག་ནང་ཟིངས་”﹙45﹚ཞེས་པ། 《ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལས། “གཞིས་ཀ་རིན་སྤུངས་ནས་ཆོས་མཛད་ཟླ་བ་བཟང་པོ་དབང་ལུང་མན་ངག་གིས་སྨིན་པར་བགྱིས་”﹙46﹚ཞེས་པ་དང་། 《རྡོག་རབས་གསལ་བའི་མེ་ལོང་》ལས། “སྟོབས་ཀྱི་རྒྱལ་པོ་གཞིས་ཀ་རིན་སྤུངས་པ་དོན་གྲུབ་རྡོ་རྗེ་དང་དོན་ཡོད་རྡོ་རྗེ་སོགས་ཀྱི་དྲུང་དུ་གསེར་ཡིག་ལ་བྱོན་”﹙47﹚ཞེས་སོགས་ཡིག་ཚང་མང་པོ་ཞིག་གི་ནང་སྤྱིར་རིན་སྤུངས་རྫོང་ལ་གཞིས་ཁ་རིན་སྤུངས་ཞེས་པའི་ཐ་སྙད་སྤྱད་ཡོད་པ་ལྟ་བུ།    
         ༣ གཞིས་ཁ་བསམ་གྲུབ་རྩེ།
         བསམ་གྲུབ་རྩེ་རྫོང་ལ་ཡང་གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་ཐ་སྙད་འཇུག་པ་མང་དུ་མཐོང་རྒྱུ་ཡོད་པ་དཔེར་ན།《དཔལ་ལྡན་རིན་ཆེན་སྤུངས་པ་སྒེར་གྱི་གདུང་རབས་ཆེ་ལོང་ཙམ་ཞིག་》ཞེས་པ་ལས “སྔར་བསམ་གྲུབ་རྩེའི་རྫོང་དཔོན་འཕྱོང་རྒྱས་སྟག་རྩེ་བ་ཡིན་པ་ལ་ཤངས་རོང་གི་དམག་དང་བཅས་གཞིས་ཀ་བསམ་གྲུབ་རྩེ་རྩིས་བཞེས་”﹙48﹚ཞེས་དང་།《སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱི་རྣམ་ཐར་》ལས “དེ་ནས་གཞིས་ཀ་བསམ་གྲུབ་རྩེར་ཕེབས་ཏེ་རིན་སྤུངས་རྒྱལ་བུ་ནོར་བུ་བཟང་པོ་པ་དང་། སྡེ་པ་ཞིང་ཤག་རྡོ་རྗེ་གཉིས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་”﹙49﹚ཅེས་པ། 《གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་བཞུགས་སོ་》ལས། “གཞིས་ཀ་བསམ་གྲུབ་རྩེས་གཙོས་པའི་རྫོང་ཆེན་བཅུ་བཞི་”﹙50﹚ཞེས་སོགས་ལྟ་བུ་གདུང་རབས་དང་རྣམ་ཐར་ཁག་གི་ནང་དུ་བསམ་གྲུབ་རྩེ་རྫོང་ལ་གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་ཐ་སྙད་ཡང་ཡང་གསལ་བ་ལྟར་ཡིན།
         ༤  གཞིས་ཁ་སྣེའུ།
         སྣེའུ་རྫོང་ཞེས་པར་ཡང་གཞིས་ཁ་སྣེའུ་ཞེས་པའི་ཐ་སྙད་མང་དུ་བྱུང་བ་དཔེར་ན། 《དེབ་དམར་གསར་པ་》ལས།“འདི་རེས་གཞིས་ཁ་སྣེའུ་མཁས་གྲུབ་ཆོས་རྗེས་ཀྱང་བསྟན་པ་ལ་དགོངས་ནས་མཛད་”﹙51﹚ཅེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “འདིའི་ཚེས་སྐྱོང་དོན་ཡོད་རྡོ་རྗེས་གཞིས་ཀ་སྣེལ་པའི་﹙52﹚ས་རྣམས་རྩོད་”﹙53﹚ “སྐྱི་འཕན་གྱི་བདག་པོ་གཞིས་ཀ་སྣེའུ་པས་ལྷ་ས་པོ་ཊ་ལ་ཕུལ་ནས་གཟིམས་ཁང་མཛད་ནས་བཞུགས་”﹙54﹚ཞེས་པ། “གཞིས་ཀ་སྣེལ་པ་ཁོང་རང་ཆགས་པ་ནས་བཟུང་དྲུང་ན་རིམ་གསུམ་གྱི་སྦྱིན་བདག་ཡིན་ཡང་གཞན་དབང་གིས་བཀའ་མ་བསྒྲུབ་”﹙55﹚ཅེས་དང་། 《བཀའ་བརྒྱུད་གསེར་ཕྲེང་》 ལས།  “གཞིས་ཀ་སྣེའུར་ཡར་རྒྱབ་ནས་སྡེ་པ་སྐུ་འབྲིང་བ་དཔོན་གཡོག་གི་ཞབས་ཏོག་དང་། བང་ར་མོ་ཆེར་ཤུན་ཞབས་དྲུང་གིས་གསོལ་ཐབ་བཏེག་”﹙56﹚ཅེས་པ། 《རྗེ་ཙོང་ཁ་པའི་རྣམ་ཐར་》ལས། “དེ་གོང་ནས་གཞིས་ཀ་སྣེའུ་རྫོང་པས་ཞབས་ཏོག་ལེགས་པོ་མཛད་”﹙57﹚ཅེས་པ་དང་། 《གུང་རུ་རྒྱལ་མཚན་བཟང་པོའི་རྣམ་ཐར་》ལས། “བྱི་བ་ལོ་ནས་བྱ་ལོའི་བར་དགུང་ལོ་ཉེར་དྲུག་ནས་སོ་ལྔའི་བར་དུ་རག པོ་ཏ་ལ། ཐེག་ཆེན་གླིང། སྣེའུ་གཞིས་ཁ། བཀྲ་ཤིས་དོ་ཁ་སོགས་སུ་རྗེ་རིན་པོ་ཆེ་ལ་ལམ་རིམ་གསན་”﹙58﹚ཞེས་པ། 《རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་》ལས། “གཞིས་ཀ་སྣེའུ་པའི་སྡེ་སྲིད་གནས་ཀྱི་བར་དུ་འབྲས་སྤུངས་པས་སྨོན་ལམ་ཆེན་མོ་ལྟར་ཆགས་སུ་མཛད་” ﹙59﹚ “གཞིས་ཀ་སྣེའུ་ནས་ནང་སོ་རྣམ་རྒྱལ་བའི་དྲུང་གིས་མཐུན་རྐྱེན་རྫོང་སྟ་མཛད་”﹙60﹚ཅེས་དང་། 《པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་》ལས། “གཞིས་ཁ་སྣེའུ་རྫོང་པ་དགེ་ལྡན་པའི་སྦྱིན་བདག་གཙོ་བོར་གྱུར་པས། ས་དགེའི་གྲུབ་མཐའི་ཆགས་སྡང་ལས་སྐྱིད་ཤོད་ཕྱོགས་ཀྱི་རབ་ཏུ་བྱུང་བ་ཕལ་ཆེར་དགེ་ལུགས་ཀྱི་གྲྭ་སར་སྦྱར་” ﹙61﹚ཞེས་པ། 《ཞ་ལུ་ལོ་ཆེན་གྱི་རྣམ་ཐར་》ལས། “ནཱ་ལེནྡྲའི་མཁན་པོ་ཆོས་རྗེ་བཞི་སྡེ་པས་སྤྱན་དྲངས་གཞིས་ཁ་སྣེའུར་ཕེབས་”﹙62﹚ཞེས་པ་དང།《འབྲུག་པ་དཀར་པོའི་རང་རྣམ་》ལས། “གཞིས་ཁ་སྣེའུ་རྣམས་ནས་སོ་སོར་ཞག་མལ་འཕོག་ས་དང་ཆོས་འཁོར་ལྷ་སར་སྡོད་རིན་གྱི་ཐབ་འཛིན་ཚང་མ་མཛད་”﹙63﹚ཅེས་དང།《སྤྱན་སྔ་ཆོས་ཀྱི་གྲགས་པའི་རང་རྣམ་》ལས། “གཞིས་ཁ་སྣེལ་པ་འཁོར་དང་བཅས་པ་ཡིས། ། གཞི་ལེན་བྱས་ཤིང་སླར་ཡང་ཇོ་བོའི་དྲུང་། ། མཆོད་བསྟོད་ཕུལ་ཏེ་་་་་་་། །”﹙64﹚“ས་སྐྱོང་ངག་དབང་རྣམ་རྒྱལ་བཟང་པོ་ཡིས། ། གཞིས་ཁ་སྣེའུ་སོགས་སུ་གཞི་ལེན་བྱས། །”﹙65﹚ཞེས་དང་། 《རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་》ལས། “ཆོས་རྗེ་པ་བསམ་ཡས་སུ་གཤེགས་སྐབས་ཁྱེར་ཏེ་གཞིས་ཀ་སྣེལ་པར་བྱུང་བ་”﹙66﹚ཞེས་པ། 《མཁན་ཆེན་ཆོས་གྲུབ་སེང་གིའི་རྣམ་ཐར་》ལས། “དེ་རྗེས་ཚོགས་པ་དཔོན་སློབ་གཞིས་ཁ་སྣེའུར་བཀའ་བཀོད་བཞིན་བཏེག་”﹙67﹚ཅེས་དང་། 《གྲུབ་པའི་དབང་ཕྱུག་ཀུན་དགའ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་》ལས། “གཞིས་ཀ་སྣེའུའི་ཕོ་བྲང་དུ་མིའི་བདག་པོ་དྲུང་ཆེན་དཔལ་འབྱོར་རྒྱལ་པོའི་ཞབས་ཕྱིར་བྱོན་ཏེ་དྲུང་འཁོར་མཛད་”﹙68﹚ཅེས་པ། 《སྟག་ལུང་ཆོས་འབྱུང་》ལས། “གཞིས་ཀ་སྣེལ་པ་དེ་སྔོན་མི་གུས་ཀྱང་དེ་ཙ་ནས་ཡོན་མཆོད་འབྲེལ་ཟབ་ཏུ་གྱུར་”﹙69﹚ཅེས་དང་། 《ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་》 ལས།“གཞིས་ཁ་སྣེའུ་དྲུང་ན་རིམ་གསུམ་གྱི་སྦྱིན་བདག་ཡིན་རུང་གཞན་དབང་གིས་བཀའ་མ་སྒྲུབས་”﹙70﹚ཞེས་པ། 《མྱང་ཆོས་འབྱུང་》ལས། “རྗེ་མར་པའི་སྐུ་གདུང་ལས་བྱོན་པའི་འཕེལ་གདུང་འདི་གཞིས་ཀ་སྣེའུ་པའི་ཕྱག་ན་གདུང་ཤཱ་རི་རམ་སྲན་མ་སྦོམ་ཤོས་ཙམ་གཅིག་ཡོད་”﹙71﹚ཅེས་དང་། 《ཐུའི་གདུང་རབས་》ལས།  “གཞིས་ཁ་སྣེའུ་ལ་སོགས་པའི་རྫོང་ཆེན་རྣམས་དཔོན་ས་གོང་མ་མིའི་དབང་པོའི་བཀའ་དྲིན་གྱིས་བསྩལ་བ་བཞིན་ཆབ་འབངས་སུ་གཏོགས་པར་མཛད་”﹙72﹚ཅེས་འཁོད་པ་སོགས་ལས་སྣེའུ་ལ་རྫོང་ཞེས་པའི་ཐ་སྙད་འཇུག་པ་ཙམ་མ་ཟད། ད་དུང་གཞིས་ཁ་སྣེའུ་ཞེས་པའི་ཐ་སྙད་ཀྱང་ཕག་གྲུའི་དུས་སུ་སྤྱོད་རྒྱུགས་ཆེན་པོ་ཡོད་པ་ཤེས་ཐུབ།
         ༥  གཞིས་ཁ་བྲག་དཀར།
         རྫོང་ཆེན་བཅུ་གསུམ་དུ་འབོད་པའི་ཡ་གྱལ་བྲག་དཀར་རྫོང་ལ་ཡང་གཞིས་ཁ་བྲག་དཀར་ཞེས་པའི་མིང་འཇུག་པར་མཐོང་སྟེ།  དཔེར་ན།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “ཏི་སིའི་རྫོང་ཆེན་བཅུ་གསུམ་ལས་གཞིས་ཀ་བྲག་དཀར་བའི་ཞལ་ངོ་ཤངས་ལྷ་ཕུ་བས་སྤྱན་དྲངས་”﹙73﹚ཞེས་དང་།  《རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ལས།“ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གཞིས་ཀ་བྲག་དཀར་དུ་ཕེབས་སྐབས་”﹙74﹚ཞེས་པ་དང་། 《ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལས། “སྡེ་པ་གཡུལ་རྒྱལ་བ་མན་ངག་གཅིག་གསན་བཞེས་ཆེ་བར་འདུག་པས་གཞིས་ཀ་བྲག་དཀར་དུ་ཟླ་བ་གཅིག་སྐོར་བསྡད་”﹙75﹚ཅེས་པ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། “སྡེ་པ་བཀྲ་ཤིས་རབ་བརྟན་པས། གཞིས་ཀ་བྲག་དཀར་གྱི་རྫོང་དཔོན་གནང་” ﹙76﹚ཞེས་པ། 《ཐུའི་གདུང་རབས་》ལས། “སྐུ་ཕྲ་མོའི་དུས་སུ་ཐུགས་རབ་ཀྱི་རྩལ་ཤིན་ཏུ་ཆེ་བས་ཡོན་ཏན་གྱི་ཆ་རྣམས་མ་བསླབས་ཀྱང་རིམ་པར་མཁྱེན། ཕྱིས་གཞིས་ཁ་བྲག་དཀར་དུ། ནང་སོ་རྒྱལ་པོ་བ་དང་། བདུད་རྒྱལ་བ་སྐུ་མཆེད་ཀྱི་ཁབ་ཏུ་ཐེགས་”﹙77﹚ཞེས་བྱུང་བ་སོགས་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་དག་ན་བྲག་དཀར་རྫོང་ལ་གཞིས་ཁ་བྲག་དཀར་ཞེས་པའི་ཐ་སྙད་ཀྱང་སྤྱད་ཡོད་པ་ལྟ་བུའོ།    
         ༦ འོལ་མདོ་སྟག་རྩེ་གཞིས་ཁ།
         འོལ་ཁ་སྟག་རྩེ་རྫོང་ཞེས་པར་ཡང་འོལ་ཁ་གཞིས་ཁ་ཞེས་པའི་ཐ་སྙད་སྤྱད་པ་མང་དུ་མཇལ་རྒྱུ་ཡོད་པ་དཔེར་ན།《རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་》ལས། “མཁར་ལས་གྲོལ་འཕྲལ་དེ་ལ་འོལ་ཁ་གཞིས་ཁ་ནས་ཆོས་རྒྱལ་ཆེན་པོ་ཨ་མོ་གྷ་རྡོ་རྗེ་རྣམ་རྒྱལ་གྱིས་ཐོག་དྲངས་” ﹙78﹚ཞེས་པ་དང་། 《ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱི་རང་རྣམ་》ལས། “བཀྲ་ཤིས་ཐང་དང་འོལ་དགའ་གཞིས་ཁར་ཡང་། ། གཞི་ལེན་ཕུ་དུད་གུས་པའི་ཚུལ་གྱིས་བྱས། །”﹙79﹚ཞེས་དང་། 《རྒྱལ་བ་དགེ་འདུན་རྒྱ་མཚོའི་རང་རྣམ་》ལས། “འོལ་ཁ་གཞིས་ཀ་ནས་གདན་འདྲེན་བྱས་” ﹙80﹚ཞེས་པ། 《རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་》ལས། “སྐྱོར་མོ་ལུང་། དགའ་ལྡན་ཕོ་བྲང་། བདེ་ཆེན་རྩེ། འོལ་ཁ་གཞིས་ཀ ཨེའི་རི་སྒོ་ལ་སོགས་པར་སྣང་ཡུལ་རེ་བལྟས་”﹙81﹚ཞེས་པ། 《མཁར་ནག་ཆོས་འབྱུང་》ལས། “ཆོས་རྗེ་བསོད་ནམས་ཡེ་ཤེས་དབང་པོ་འོལ་ཁ་གཞིས་ཀར་ཟླ་བ་དང་པོའི་ཉི་ཤུ་དགུ་ལ་ཞི་བར་གཤེགས་”﹙82﹚ཞེས་བྱུང་བ་སོགས་ཆོས་འབྱུང་རྣམ་ཐར་དེ་དག་ནང་འོལ་ཁ་གཞིས་ཁ་ཞེས་པའི་མིང་སྤྱད་ཡོད་པ་ལྟ་བུའོ།    
         ༧ གཞིས་ཁ་ལྕགས་རྩེ་གྲི་གུ
         ལྕགས་རྩེ་གྲི་གུ་རྫོང་ཞེས་པར་ཡང་གཞིས་ཁ་གྲི་གུ་ཞེས་པའི་མིང་འཇུག་པ་མང་དུ་མཐོང་རྒྱུ་ཡོད་པ་དཔེར་ན། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “ས་ཁྱིའི་ཟླ་བ་གསུམ་པ་ལ་གཞིས་ཀ་གྲི་གུ་ནས་བརྒྱུད་དེ་གྲ་དོལ་ནས་ལྷ་སར་མཆོད་པ་མཛད་”﹙83﹚ཅེས་དང་། 《སྤྱན་སྔ་ཆོས་ཀྱི་གྲགས་པའི་རང་རྣམ་》ལས། “སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེ་ཞེས་པ། ། བསྙེན་རྫོགས་དོན་དུ་གཞིས་ཁ་གྲི་གུར་ཕྱིན། །”﹙84﹚ཞེས་གསལ་བ་སོགས་ལས་ང་ཚོས་གྲི་གུ་རྫོང་ལ་གཞིས་ཁ་གྲི་གུ་ཞེས་པའི་ཐ་སྙད་ཀྱང་དུས་སྐབས་དེར་འཇུག་བཞིན་ཡོད་པ་ཤེས་ཐུབ་བོ།
         གཉིས། གཞིས་ཁ་དང་རྫོང་གི་སྤྱི་བྱེ་བྲག་གི་འབྲེལ་བའི་སྐོར།
         ཕག་གྲུའི་དུས་སྐབས་ཀྱི་ཆོས་འབྱུང་དེབ་ཐེར་དག་ལ་གཞིགས་ན། རྫོང་གཞིས་གཉིས་ཀྱི་འབྲེལ་བ་ནི་སྤྱི་བྱེ་བྲག་གི་འབྲེལ་བ་སྟེ། གཞིས་ཁ་ནི་སྤྱི་དང་རྫོང་ནི་དེའི་བྱེ་བྲག་ཏུ་གྱུར་བའི་རྣམ་པ་མཐོང་ཐུབ། དེ་ཡང་རི་གཤམ་མམ་ཐང་བདེ་མོར་བརྩིགས་པའི་གཞིས་ཁ་རྣམས་ལ་སྲ་བརྟན་གྱི་ལྕགས་རིའི་ར་བས་བསྐོར་བའམ་ཕྱོགས་བཞིར་ཆུ་འོབས་﹙85﹚བྲུས་ནས་དགྲ་འགོག་གི་ནུས་པ་སོགས་ཐོན་པར་བྱས་ན་ཡང་སྤྱིར་རྫོང་གི་མིང་དུ་བྱས་པ་མེད་དེ། དཔེར་ན། གྲ་ཕྱི་རྣམ་སྲས་གླིང་གི་གཞིས་ཁ་﹙86﹚དང་དོལ་བཀྲ་ཤིས་རྣམ་རྒྱལ་གྱི་གཞིས་ཁ་﹙87﹚སོགས་ནི་ས་རྡོ་ལས་བྱས་པའི་ལྕགས་རིའི་ཕྱིར་རྒྱ་ཆེ་ཞིང་གཏིང་རིང་བའི་ཆུ་འོབས་ཡོད་པ་ཞིག་ཡིན་ཡང་། དེ་དག་ལ་ཆོས་འབྱུང་རྣམ་ཐར་གང་གིས་ཀྱང་རྫོང་གི་མིང་དུ་མ་བྱས་པར་གཞིས་ཁ་གང་རུང་གི་མིང་དུ་བྱས་པའི་ཕྱིར་དང་། དེ་བཞིན་རི་སྟེང་དང་བྲག་རི་ལ་སོགས་པའི་ས་བཙན་དུ་རྩིག་རྨང་བཅོལ་ནས་བརྩིགས་པའི་གཞིས་ཁ་རྣམས་ལ་རྫོང་གི་མིང་དུ་བྱས་པ་དཔེར་ན། རྒྱལ་དབང་ལྔ་པ་ཆེན་པོའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། “རི་ལ་རྩྭ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་རྒྱ་རི་ཞེས་མིང་དུ་ཆགས། ལྷ་དགྲ་ལས་རྣམ་རྒྱལ་གྱིས་རྒྱ་རི་རྫོང་དུ་བཞུགས་”﹙88﹚ཞེས་གསུངས་པས། རྒྱ་རི་རྫོང་ཞེས་རྫོང་གི་མིང་དུ་ཐོགས་པ་དེ་ཡང་དོན་དངོས་སུ་གཞིས་ཁ་ཡིན་པར་རྟོགས་ཐུབ་པའི་ཕྱིར། དེས་ན་ཕག་གྲུའི་དུས་སྐབས་སུ་སྤྱིར་གཞིས་ཁ་ཡིན་ན་རྫོང་ཞེས་པའི་མིང་འདོགས་སུ་རུང་བའི་ངེས་པ་མེད་ཀྱང། གལ་ཏེ་གཞིས་ཁ་དེ་རི་སྟེང་རི་འདབས་གང་རུང་གི་ས་བཙན་དུ་བརྩིགས་ནས་ཡོད་ཚེ རྫོང་ཞེས་པའི་མིང་དེ་འཇུག་ཏུ་རུང་བར་མཐོང་། དེ་བཞིན་གཞིས་ཁའི་གནས་བབས་ལ་གཞིགས་ཏེ་རྫོང་ཆེན་གྱི་མིང་དུ་བྱས་པ་རྣམས་ཀྱི་མངའ་ཞབས་སུ་ཡང་གཞིས་ཁ་དང་རྫོང་ཆུང་སོགས་ཁ་ཤས་ཡོད་པ་དཔེར་ན། གཞིས་ཁ་གོང་དཀར་ལྟ་བུར་གོང་དཀར་རྫོང་ཞེས་མིང་དུ་བྱས་ནས་དེའི་མངའ་ཞབས་སུ་གཞིས་ཁ་ལྷུན་གྲུབ་རབ་བརྟན་དང་འོད་ཕུག་གཞིས་ཁ། ཁ་རག་དགྲ་འདུལ་གཞིས་ཁ།  གཞུང་རྣམ་རྒྱལ་རབ་བརྟན་གཞིས་ཁ་སོགས་ཡོད་པ་ལྟར་དང་། ཡང་གཞིས་ཁའི་མིང་ཁོ་ན་ལས་རྫོང་གི་མིང་རྩ་བ་ནས་འབོད་སྲོལ་མེད་པའི་གཞིས་ཁའི་མངའ་ཞབས་སུ་ཡང་རྫོང་དང་གཞིས་ཁ་ཆུང་ངུ་མང་པོ་ཞིག་གཏོགས་ནས་ཡོད་པ་དཔེར་ན། ཕག་གྲུའི་ནང་བློན་གཙོགྲས་སྡེ་པ་ཡར་རྒྱབ་པའི་སྡེ་གཞིས་ཀྱི་ལྟེ་བ་གཞིས་ཁ་རྒྱལ་ཆེན་གླིང་གི་མངའ་ཞབས་སུ་དོལ་ལྷུན་གྲུབ་ལྷ་རྩེ་རྫོང་﹙89﹚དང་གྲ་ནང་དར་རྒྱས་གླིང་གཞིས་ཁ། བྱམས་པ་གླིང་གཞིས་ཁ། གྲ་ཕྱི་ལྷུན་གྲུབ་གླིང་གཞིས་ཁ་སོགས་ཡོད་པ་ལྟ་བུའོ། དེ་མིན་དུས་རབས་བཅུ་དྲུག་པའི་ནང་ལྷ་སའི་ཕྱོགས་ཀྱི་སྡེ་བདག་གཙོབོ་སྡེ་པ་སྐྱིད་ཤོད་པའི་ཆབ་སྲིད་ཀྱི་ལྟེ་བ་ལྟ་བུ་ཡང་རྫོང་གི་མིང་དུ་བྱས་པ་གང་རུང་མ་ཡིན་པར། དེ་ལས་ལྡོག་སྟེ་ལྷ་སའི་བྱང་ཕྱོགས་སུ་གནས་པའི་གཞིས་ཁ་དགའ་ལྡན་ཁང་གསར་ཞེས་པ་དེ་ཡིན་ལ། ཕྱིས་སུ་གཞིས་ཁའི་མིང་སྡེ་པར་ཐོགས་ཏེ་སྡེ་པ་སྐྱིད་ཤོད་དགའ་ལྡན་པ་ཞེས་ཀྱང་བྱ། དུས་སྐབས་དེར་གཞིས་ཁ་དེའི་མངའ་ཞབས་སུ་ཡང་གཞིས་ཁ་འགའ་ཞིག་དང་ཐ་ན་སྣེའུ་རྫོང་ཡང་ཚུད་ཡོད། དེས་ན་ང་ཆོ།ས་གཞིས་ཁ་ཁོ་ན་མིང་དུ་འབོད་པའི་མངའ་ཞབས་སུ་ཡང་སྤྱིར་རྫོང་གི་མིང་དུ་འབོད་པའི་གཞིས་ཁ་ཡང་ཡོད་པར་རྟོགས་ཐུབ་པ་བཅས་ལས། ཕག་གྲུའི་དུས་སྐབས་སུ་རྫོང་གཞིས་ལམ་ལུགས་ཡིན་ཞེས་སྤྱི་སྤམ་དུ་བརྗོད་ནས་གཞིས་ཁ་ཡོད་ཚད་རྫོང་གི་མངའ་ཞབས་སུ་ཡོད་པར་སྙམ་པ་ནི་ལུང་རིགས་གང་གིས་ཀྱང་སྒྲུབ་པར་མི་ནུས་པར་སྙམ་མོ།
         གཞན་ཡང་། དུས་རབས་བཅུ་བཞི་པའི་ནང་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་《བཀའ་ཆེམས་མཐོང་བ་དོན་ལྡན་》དུ། “ངའི་སྣེ་གདོང་གོང་དཀར་གྱིས་འགོ་བྱས། གཞིས་ཁ་གོང་འོག བཟའ་པ་བུ་རྟ”﹙90﹚ཞེས་པ་དང་“སྣེ་གདོང་གོང་དཀར་གྱིས་འགོ་བྱས་གཞིས་ཁ་རྣམས་ཀྱི་ཐབ་འཛིན་པའི་གཞིས་ཆུང་རྣམས་ལ་མི་ངོ་རྣམས་ཀྱིས་རྐམ་བགོས་མ་བྱེད་”﹙91﹚ཅེས་འཁོད་པ་མ་ཟད། ད་དུང་“རིན་སྤུངས། བསམ་འགྲུབ་རྩེ། སྣེའུ། བྲག་དཀར་པོ། འོལ་མདོ་སྟག་རྩེ་རྣམས་སུ་སྡོད་པའི་གཉེར་པ་རྣམས་ཀྱང་སྣེ་གདོང་གོང་དཀར་དུ་སྡོད་པའི་གཉེར་པའི་ཚུལ་འཇི་ན་དགོས། གཞིས་ཁ་ཆུང་བ་འདི་རྣམས་ཀྱི་གཉེར་པ་རང་རང་གིས་མ་ནུས་པ་དང་། མ་ཕེར་བ། མི་ཁ་ཟ་བའི་སྐྱོན་བྱུང་ན། རང་གིས་ངན་ཚོད་བཟུང་ནས་གཏོད་པ་འཐད་”﹙92﹚ཅེས་འཁོད་པ་སོགས་ལས། ཕྱིས་རྫོང་ཆེན་དུ་གྲགས་པ་དེ་དག་ལ་སི་ཏུ་རང་ཉིད་ཀྱིས་མཛད་པའི་བཀའ་ཆེམས་ནང་སྤྱིར་གཞིས་ཁ་ཞེས་པའི་ཐ་སྙད་མང་དུ་འཇུག་ཚུལ་རྟོགས་ལ། དུས་རབས་བཅོ་ལྔ་པའི་ནང་མཛད་པའི་《ལྷོ་རོང་ཆོས་འབྱུང་》ལས་ཀྱང། “སི་ཏུས་དགུང་ལོ་ཞེ་དགུ་ལ་གཞིས་ཀ་གོང་དཀར་བརྩིགས། ང་གཅིག་ཆུ་ཕོ་འབྲུག་གི་ལོ་ལ་ཆོས་གྲྭ་ཆེན་པོ་རྩེད་ཐང་བཏབ། དེ་དང་དུས་མཉམ་པ་ལ་རིན་སྤུངས་བརྩིགས། དེ་ནས་རྟ་ལ་བསམ་གྲུབ་རྩེ་དང་། མེ་སྤྲེལ་སྣེའུ་དང་། བྱ་ལ་བྲག་དཀར་དང་། དེ་ནས་འོལ་ཀ་སྟག་རྩེ། འཕྱོངས་རྒྱས་སྟག་རྩེ། གྲི་གུ་སྟག་རྩེ། ཐིལ་གྱི་རིལ་སྤྱི་གང། ཤར་མངོན་དགའ་སོགས་གཞིས་ཀ་གོང་འོག་རྣམས་སྒྱུ་མས་སྤྲུལ་པ་ལྟར་མཛད་”﹙93﹚ཅེས་ཕྱིས་སུ་རྫོང་གི་མིང་དུ་གྲགས་པ་རྣམས་ལ་གཞིས་ཁ་གོང་འོག་ཅེས་གསལ་བ་དང་། དེ་བཞིན་ཕག་གྲུའི་དུས་སྐབས་ཀྱི་ཡིག་ཚང་ཁག་གི་ནང་ཕག་གྲུའི་སྡེ་སྲིད་རིམ་བྱོན་དག་གིས་གོང་དཀར་དང་རིན་སྤུངས་སོགས་ས་གནས་ཁག་ཏུ་རྟོག་ཞིབ་ལ་བསྐྱོད་པར་སྤྱིར་“གཞིས་བསྐོར་”དུ་ཕེབས་ཞེས་པ་ལས་“རྫོང་སྐོར་”དུ་ཕེབས་ཞེས་པའི་ཐ་སྙད་སྤྱད་མེད་ལ། རྫོང་དཔོན་དུ་བསྐོས་པ་དེ་དག་ཀྱང་གཞིས་ཁ་གང་རུང་གི་རྫོང་དཔོན་དུ་བསྐོས་﹙94﹚ཞེས་གསལ་བ་སོགས། གོང་ཞུས་དེ་དག་གི་ཐོག་ནས་གོང་དཀར་དང་རིན་སྤུངས་སོགས་ཡུལ་ལུང་ཁག་ཏུ་གནས་པའི་ཕག་གྲུའི་སྲིད་དབང་གི་མངའ་ཞབས་གཙོ་བོར་གྱུར་བ་ཁག་ལ་དུས་སྐབས་དེར་གཞིས་ཁ་ཞེས་པའི་ཐ་སྙད་རྒྱུན་སྤྱོད་ཡིན་པ་མཐོང་ཐུབ།   མདོར་ན། དགའ་ལྡན་ཕོ་བྲང་གི་དུས་སུ་བརྩམས་པའི་ཡིག་ཚང་རྣམས་སུ་ཕག་གྲུའི་དུས་ཀྱི་གཞིས་ཆེན་རྣམས་ལ་གོང་དཀར་རྫོང་དང་རིན་སྤུངས་རྫོང་། བྲག་དཀར་རྫོང་ཞེས་སོགས་རྫོང་གི་ཐ་སྙད་སྤྱོད་པ་རྒྱུགས་ཆེ་བར་མཐོང་ཡང་། ཕག་གྲུའི་དུས་སྐབས་ཀྱི་དཔེ་རྙིང་རྣམས་སུ་གཞིས་ཁ་རིན་སྤུངས་﹙95﹚དང་གཞིས་ཁ་སྣེའུ།﹙96﹚ གཞིས་ཀ་བྲག་དཀར།﹙97﹚གཞིས་ཁ་བསམ་གྲུབ་རྩེ་﹙98﹚ཞེས་པ་སོགས་གཞིས་ཁའི་མིང་ཡང་ཡང་དུ་བྱུང་བ་ནི་གོང་དུ་ལུང་གི་སྒྲུབ་བྱེད་མང་དུ་བཀོད་པ་དེ་དག་ལས་ཤེས་ནུས་པས། ཕག་གྲུའི་དུས་སུ་རྫོང་དང་གཞིས་ཁ་གཉིས་ནི་ཡོངས་སུ་ཐ་དད་ཡིན་པའི་རྩོད་པ་ལྷུར་ལེན་གྱི་ངལ་བའི་རྒྱུ་གསོག་པའི་དགོས་པ་གང་ཡང་མེད་པར་མཐོང་ཐུབ་པ་མ་ཟད། རི་བོའི་སྣེ་མོར་བརྩིགས་པའི་གཞིས་ཁ་དེ་དག་ལ་རྫོང་དང་གཞིས་ཁའི་མིང་གཉི་ག་འཇུག་པ་ཤེས་ཐུབ་བོ། །
         མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
         ① ཡར་རྗེ་ཨོ་རྒྱན་གླིང་པ། 《བཀའ་ཐང་སྡེ་ལྔ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ལོ། ཤ་༡༠༨ན་གསལ།
         ② རྗེ་བཙུན་འཇོག་རི་བ་ཆེན་པོ་ངག་དབང་བསྟན་འཛིན། 《བྱ་བྲལ་ངག་དབང་གི་རྟོགས་བརྗོད་དང་གུང་ཐང་དཔལ་གྱི་གཙུག་ལག་ཁང་གི་དཀར་ཆག་འགྲོ་མགོན་ཞལ་ལུང་བཞུགས་སོ་》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༦ལོ། ཤ་༢༢༣ན་གསལ།
         ③ པཎ་ཆེན་བསོད་ནམས་གྲགས་པ། 《དེབ་དམར་གསར་པ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ་༡༠༤ལས།“གོང་དཀར། སྣེའུ་རྫོང་། བྲག་དཀར། རིན་སྤུངས། བསམ་གྲུབ་རྩེ། སྤན་ནམ་ལྷུན་གྲུབ་རྩེ་རྣམས་རྩིགས་”ཞེས་པ་ལས་རྫོང་ཞེས་བྱུང་།
         ④ མཛད་བྱང་མི་གསལ། 《མཁན་རྒྱུད་གསུམ་བྱོན་ཚུལ་གྱི་རྣམ་ཐར་》དཔེ་རྙིང་ལག་བྲིས། ཤ་༢༤ལས། “དེའི་རྗེས་སུ་འཁྲིག་པ་མཁན་ཆེན་པས་གདན་ས་ལོ་དགུ་མཛད། གོང་དཀར་སྫོང་དཔོན་སངས་རྒྱས་དཔལ་རིན་པས་ས་ཆ་ཕུལ་ནས་ཡོལ་རིན་ཆེན་གླིང་བཏབ་ནས་དེར་བཞུགས་”ཞེས་པ་ལས་ས་མགོ་ཅན་གྱི་སྫོང་ཞེས་བྱུང་།
         ⑤ རྩོམ་ཡིག་འདིའི་ནང་གི་རྫོང་ནི་སྲིད་དབང་དང་འབྲེལ་བའི་རྫོང་ལོ་ནར་བཟུང་བ་ལས་ཆོས་ལུགས་དང་འབྲེལ་བའི་ཆོས་རྫོང་སོགས་ནི་སྐབས་བབ་ཀྱི་གླེང་བྱ་མ་ཡིན་ནོ།
         ⑥ མཁས་དབང་བྱང་ཆུབ་དགེ་ལེགས། 《ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་རྣམ་པར་ཐར་བའི་ངོ་མཚར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》གྲ་ནང་བྱམས་པ་གླིང་དགོན་ནས་བསྒྲིགས། ༡༩༩༩ལོ། ཤ་༩༧ལས། “ཆོས་རྗེ་ཀུན་དགའ་རྣམ་རྒྱལ་བས་གཞིས་ཀ་གོང་དཀར་དུ་གདན་དྲངས་”ཞེས་བྱུང་བ་དང་། ཡང་། ངག་གི་དབང་པོའི་《དཔལ་འབྲུག་པ་རིན་པོ་ཆེ་རྒྱལ་དབང་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་ཐུབ་བསྟན་ཡོངས་འདུའི་དཔལ་གྱི་སྡེའི་རྣམ་པར་ཐར་པ་སྐལ་བཟང་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས་སོ་》 དཔེ་རྙིང་མདའ་ཚད་མ། ཤ་༧༥ལས། “ལུགས་གཉིས་ཀྱི་འདུན་ས་གཞིས་ཀ་གོང་དཀར་ཞེས་ལྷ་གཟིགས་ཀྱི་ཕོ་བྲང་གཉིས་པ་ནས། ཞབས་དྲུང་མིའི་དབང་པོ་དཔལ་ངག་གི་དབང་ཕྱུག་དཀར་བརྒྱུད་རྣམ་པར་རྒྱལ་བའི་ལྷ་ཉིད་རྒྱལ་ཕྲན། དྲུང་འཁོར། རྟ་པའི་ཚོགས་ཀྱིས་བསྐོར་ཏེ་ལུགས་སྨད་ལྕང་གསར་དུ་ཐབ་བསུ་ལ་ཕེབས་”ཞེས་གསལ།
         ⑦ བཀའ་བཞི་འཛིན་པ་བློ་ལྡན་བཟང་པོས་མཛད། 《གཉག་དབོན་བསོད་ནམས་བཟང་པོའི་རྣམ་ཐར་》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༦ལོ། ཤ་༥༤ལས། “དེ་ནས་གོང་དཀར་དུ་ཕེབས། དེ་དགོང་གཞིས་ཁ་ན། ཟུལ་ཕུ་བ་དང་། གསང་ཕུ་གླིང་སྟོད་སྨད། བདེ་བ་ཅན་རྣམས་ཀྱི་གདན་ས་བའང་བྱོན་འདུག་”ཅེས་པའི་ཚིག་བྱུང་བ་དང་། ཡང་། ཆོས་གྲགས་ཡེ་ཤེས་ཀྱི་《རྟོགས་པ་བརྗོད་པ་ཚིགས་སུ་བཅད་པ་ཨུཧྥལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་《ཐམས་ཅད་མཁྱེན་པ་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་གསུང་འབུམ་བཞུགས་སོ་》(བ་)ཡི་ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོ། ཤ་༩༦༡ལས། “གོང་དཀར་ཞེས་བྱའི་གཞིས་ཁར་སྦྱིན་བདག་གིས། །དད་པས་མགྲོན་དུ་གཉེར་བ་བཞིན་དུ་ཕྱིན། །”ཞེས་ཀྱང་གསལ།
         ⑧ མཛད་བྱང་མི་གསལ། 《བླ་མ་ལོ་ཙཱ་བ་ཆེན་པོའི་རྣམ་པར་ཐར་པ་དྲི་མ་མེད་པ་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་《ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་བཀའ་འབུམ་བཞུགས་སོ་》ཞེས་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤ་༣༩༤ན་གསལ། ཡང་། ནོར་བུ་བསམ་འཕེལ་གྱི《བལྟ་ཕྱོགས་དང་འགྲེལ་ལུགས་》ཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ལོ། ཤ་༣༨ལས། “སྤྱི་ལོའི་དུས་རབས་བཅུ་པའི་སྨད་ཙམ་ལ་གུ་གེའི་རྒྱལ་པོ་ལྷ་སྡེ་ནས་ལོ་ཆེན་རིན་ཆེན་བཟང་པོས་བསྟན་པའི་མེ་རོ་གསོ་བའི་མཇད་འཕྲིན་ལ་ལེགས་གསོལ་བྱ་ཕྱིར་པུ་ཧྲེང་ཁུལ་གྱི་ཞེར་སོགས་ས་ཆ་ཁག་གཅིག་མཆོད་གཞིས་སུ་བསྩལ་”ཞེས་པ་ནི་གཞིས་ཀའི་སྐོར་དང་འབྲེལ་བའི་ཡིག་ཚང་སྔ་གྲས་ཤིག་ཡིན་པར་གསུངས།
         ⑨﹙90﹚﹙91﹚﹙92﹚ཏའི་སི་ཏུ་བྱང་ཆུབ་རྒྱལམཚན་སོགས། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༦ལོ། ཤ་༢༠༥ ༣༢༣ ༣༤༧ ༣༥༣ན་གསལ།
         ⑩ དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ། ཤ་༣༧༤ན་གསལ།
         ﹙11﹚﹙18﹚﹙51﹚﹙96﹚པཎ་ཆེན་བསོད་ནམས་གྲགས་པ། 《དེབ་དམར་གསར་པ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ་༡༢༦ ༡༣༢  ༡༡༦ ༡༡༦ན་གསལ།
         ﹙12﹚ཏའི་སི་ཏུ་ཞེས་པ་རྒྱ་ཡིག་ཏུ་大司徒ཞེས་བྲི་བར་བྱེད། དེ་ནི་སྤྱི་ལོ་༡༣༥༣ལོར་ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་བྱང་ཆུབ་རྒྱལ་མཚན་ལ་གནང་བའི་ཆོ་ལོ་ཞིག་ཡིན་ཞིང་། མི་རབས་ནས་མི་རབས་བར་བོད་ས་གནས་ལ་དབང་བསྒྱུར་ཆོག་པའི་བཀའ་ཤོག་དང་ཐམ་ག་ཡང་གནང་བར་གྲགས།
         ﹙13﹚སི་ཏུའི་བཀའ་ཆེམས་ནང་གོང་དཀར་དང་རིན་སྤུངས་སོགས་རྫོང་ཆེན་བརྩིགས་པ་མ་ཟད། ད་དུང་ལུམ་པ་སོགས་རྫོང་ཆུང་མང་པོ་བརྩིགས་པའི་སྐོར་ཡང་འཁོད་ཡོད།
         ﹙14﹚﹙76﹚﹙88﹚﹙97﹚ངག་དབང་བློ་བཟང་རྒྱ་མཚོ། 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤ་༡༣༩  ༡༨༤  ༡༨༦  ༡༨༤ཤ་གསལ།
         ﹙15﹚ཞྭ་དམར་ཆོས་གྲགས་ཡེ་ཤེས། 《འགོས་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོ། ཤ་༥༠ན་གསལ།
         ﹙16﹚རྒྱ་སྟོན་བྱང་ཆུབ་དབང་རྒྱལ། 《ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ་》རྫོང་པའི་དཔེ་རྙིང་འཚོལ་བསྡུ་ཁང་། ཤ་༡༡ན་གསལ།
         ﹙17﹚﹙37﹚མཁས་དབང་བྱང་ཆུབ་དགེ་ལེགས། 《ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》གྲ་ནང་བྱམས་པ་གླིང་དགོན་ནས་བསྒྲིགས། ༡༩༩༩ལོ། ཤ་༢༧  ༥ན་གསལ།
         ﹙19﹚﹙53﹚﹙54﹚﹙55﹚﹙73﹚﹙83﹚དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤ་༦༥༦  ༥༦༡  ༥༡༦  ༥༥༠  ༦༦༡  ༥༧༢ན་གསལ།
         ﹙20﹚བཀའ་བཞི་འཛིན་པ་བློ་ལྡན་བཟང་པོས་མཛད། 《གཉག་དབོན་བསོད་ནམས་བཟང་པོའི་རྣམ་ཐར་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༦ལོ། ཤ་༥༤ན་གསལ།
         ﹙21﹚﹙33﹚﹙64﹚﹙65﹚﹙79﹚﹙84﹚﹙95﹚ཆོས་གྲགས་ཡེ་ཤེས། 《རྟོགས་པ་བརྗོད་པ་ཚིགས་སུ་བཅད་པ་ཨུཧཱལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་《ཐམས་ཅད་མཁྱེན་པ་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་གསུང་འབུམ་བཞུགས་སོ་》(བ་)ཡི་ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༠༩ལོ། ཤ་༩༦༡  ༩༩༣  ༩༥༨  ༩༧༨  ༩༧༦  ༩༧༢  ༩༩༣ན་གསལ།
         ﹙22﹚﹙39﹚﹙67﹚《མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ》(ཧེ་)ཡི་ནང་འཁོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོ། ཤ༢༤༧  ༢༡༨  ༣༢༢ན་གསལ།
         ﹙23﹚འབྲུག་པ་པདྨ་དཀར་པོས་མཛད། 《དཔལ་ལྡན་བླ་མ་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་འོད་བརྒྱ་པ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་པདྨ་དཀར་པོའི་གསུང་འབུམ་པོད་༣པ། དབུ་ཅན་ཤིང་དཔར། ཤ་༡༨༧ན་གསལ།
         ﹙24﹚སྨན་བླ་དོན་གྲུབ། 《དཔལ་སྒམ་པོ་པ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ཆོས་ཀྱི་དཔལ་བཟང་པོའི་རྣམ་ཐར་དང་རྟོགས་མགུར་ཐོས་གྲོལ་ཆེན་མོ་བཞུགས་སོ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༡༥ན་གསལ།
         ﹙25﹚ངག་གི་དབང་པོ། 《དཔལ་འབྲུག་པ་རིན་པོ་ཆེ་རྒྱལ་དབང་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་ཐུབ་བསྟན་ཡོངས་འདུའི་དཔལ་གྱི་སྡེའི་རྣམ་པར་ཐར་པ་སྐལ་བཟང་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་བཞུགས་སོ་》དཔེ་རྙིང་། ཤ་༧༥ན་གསལ།
         ﹙26﹚ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང་། 《བླ་མ་དམ་པ་རོང་སྟོན་ཆོས་ཀྱི་རྗེའི་རྣམ་པར་ཐར་པ་འཕྲིན་ལས་རྒྱས་ཤིང་རྒྱུན་མི་ཆད་པའི་རྟེན་འབྲེལ་བཟང་པོ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ནི་《དཔལ་ས་སྐྱའི་མཁས་པ་གངས་ཅན་མཛེས་པའི་རྒྱན་དགུའི་རྣམ་ཐར་ཕྱོགས་བསྒྲིགས་པོད་དང་པོ་བཞུགས་སོ་》ཞེས་པར་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༧༠ན་གསལ།
         ﹙27﹚﹙74﹚ངག་དབང་བློ་བཟང་རྒྱ་མཚོ 《རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་》ཞེས་པ་ནི་《རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་》ཞེས་པར་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༦༣༠ ༦༠༤ན་གསལ།
         ﹙28﹚མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོ། 《དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༧༥ན་གསལ།
         ﹙29﹚﹙30﹚﹙98﹚ཨ་འབུམ། 《དཔལ་ལྡན་རིན་ཆེན་སྤུངས་པ་སྒེར་གྱི་གདུང་རབས་ཆེ་ལོང་ཙམ་ཞིག་》 དཔེ་རྙིང་ལག་བྲིས་མ། ཤ་༡  ༣  ༢ན་གསལ།
         ﹙31﹚འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ། ཤ་༤༡༡ན་གསལ།
         ﹙32﹚ཡེ་ཤེས་རྩེ་མོ། 《རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་ཐར་》ཞེས་པ་ནི་《རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་》ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༤༡ན་གསལ།
         ﹙34﹚﹙40﹚﹙56﹚སི་ཏུ་པཎ་ཆེན་སོགས། 《བཀའ་བརྒྱུད་གསེར་ཕྲེང་》(སྨད་ཆ་)མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ ཤ་༡༥༩ ༡༥༩ ༡༠༡ན་གསལ།
         ﹙35﹚《ཆོས་གྲགས་ཡེ་ཤེས་ཀྱི་གསུང་འབུམ་》པོད་༦ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོ། ཤ་༡༠༠༣ན་གསལ།
         ﹙36﹚འབྲུག་པ་ཀུན་ལེགས། 《འབྲུག་པ་ཀུན་ལེགས་ཀྱི་རང་རྣམ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨ལོ། ཤ་༢༠ན་གསལ།
         ﹙38﹚﹙59﹚﹙60﹚﹙80﹚རྗེ་དགེ་འདུན་རྒྱ་མཚོ། 《རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཐོར་བུ་ལས་རྗེ་ཉིད་ཀྱི་རྣམ་ཐར་བཞུགས་སོ་》ཞེས་པ་ནི་《རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་》ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༡༧༤ནས་༡༧༥  ༡༧༥  ༡༤༥ ༡༥༧ནས་༡༥༨བཅས་སུ་གསལ།
         ﹙41﹚ཀུན་དགའ་གྲོལ་མཆོག 《རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོ། ཤ་༡༧༥ན་གསལ།
         ﹙42﹚དཔལ་ལྡན་ཆོས་སྐྱོང་བཟང་པོ། 《དཔལ་ལྡན་གཡས་རུ་བྱང་པའི་གདུང་རབས་》ཞེས་པ་ནི་《བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག་》ཅེས་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤ་༡༠༦ན་གསལ།
         ﹙43﹚﹙72﹚﹙77﹚ངག་དབང་ཀུན་དགའ་བསོད་ནམས་རྒྱལ་པོ། 《ཐུའི་གདུང་རབས་རྒྱས་པ་》ཞེས་པའམ་མཚན་གཞན་《དཔལ་ལྡན་ཐུ་མིའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་ལྟར་མ་ཆད་པར་རྣམ་པར་བྱོན་ཚུལ་》དབུ་མེད་བྲིས་མ། ཤ་༢༢ ༤༩ནས་༥༠  ༥༡ན་གསལ།
         ﹙45﹚ཀུན་དགའ་མི་འགྱུར་རྡོ་རྗེ། 《གྲུབ་པའི་དབང་ཕྱུག་ལྷ་བཙུན་ཀུན་དགའ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་དང་རིག་འཛིན་རྡོ་རྗེ་གསང་བ་ཅན་གྱི་རྟོགས་བརྗོད་དང་གསང་བའི་རྟོགས་བརྗོད་བཅས་བཞུགས་སོ་》དཔེ་རྙིང་ལག་བྲིས་མ། ཤ་༦༢ ༤ན་གསལ།
         ﹙45﹚ནམ་མཁའ་སོགས། 《གནས་རྙིང་གྱེན་ཐོ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོ། ཤ་༢༥༥ན་གསལ།
         ﹙46﹚﹙69﹚﹙75﹚ཞབས་དྲུང་ངག་དབང་རྣམ་རྒྱལ། 《སྟག་ལུང་ཆོས་འབྱུང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ལོ། ཤ་༥༧༣  ༤༤༠  ༥༧༨ན་གསལ།
         ﹙47﹚ནམ་མཁའ་བསོད་ནམས། 《རྡོག་རབས་གསལ་བའི་མེ་ལོང་》ཞེས་པ་ནི་《བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག་》ཅེས་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤ་༡༩༨ན་གསལ།
         ﹙49﹚ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། 《སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་》ཞེས་པ་ནི་《ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་》པོད་བདུན་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༡༧༤ན་གསལ།
         ﹙50﹚སངས་རྒྱས་རྡོ་རྗེ། 《གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་བཞུགས་སོ་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོ། ཤ་༢༣ན་གསལ།
         ﹙52﹚གཞིས་ཁ་སྣེལ་པ་ནི་གཞིས་ཁ་སྣེའུ་ཞེས་པའི་མིང་གཞན་ཡིན།
         ﹙57﹚མཁས་གྲུབ་དགེ་ལེགས་དཔལ་བཟང་། 《རྗེ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》ཞེས་པ་ནི་《རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་སྒྲིག་》དེབ་དང་པོའི་ནང་འཁོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤ༥༤ན་གསལ།
         ﹙58﹚གཡུ་པ་བརྩོན་འགྲུས་བཟང་པོ། 《མཚུངས་མེད་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་རོལ་མཚོ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༡ལོ། ཤ་༤ན་གསལ།
         ﹙61﹚རྗེ་ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས། 《གངས་ཅན་གྱི་ཤིང་རྟ་ཆེན་པོ་དཔལ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཐུབ་བསྟན་གསལ་བའི་ཉིན་བྱེད་》ཞེས་པ་ནི་《དཔལ་ས་སྐྱའི་མཁས་པ་གངས་ཅན་མཛེས་པའི་རྒྱན་དགུའི་རྣམ་ཐར་ཕྱོགས་བསྒྲིགས་པོད་གསུམ་པ་བཞུགས་སོ་》ཞེས་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༢༣༡ན་གསལ།
         ﹙62﹚རིན་ཆེན་བཀྲ་ཤིས་བློ་གྲོས། 《རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་འཁྲི་ཤིང་བཞུགས་སོ་》 དབུ་ཅན་གློག་དཔར། ཤ་༤༡༧ན་གསལ།
         ﹙63﹚འབྲུག་པ་དཀར་གོ 《སེམས་པ་ཆེན་པོ་པདྨ་དཀར་པོའི་རྣམ་ཐར་ཐུགས་རྗེ་ཆེན་པོའི་ཟློས་གར་》ཞེས་པ་ནི་《ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ་》པོད་གསུམ་པའི་ནང་འཁོད། དཔེ་རྙིང་དབུ་ཅན་ཤིང་དཔར། ཤ་༣༨༥ན་གསལ།
         ﹙66﹚﹙81﹚ངག་དབང་བློ་བཟང་རྒྱ་མཚོ།《རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་》ཞེས་པ་ནི་《རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༥༡༩  ༤༠༤ན་གསལ།
         ﹙70﹚ཀརྨ་ངེས་དོན་བསྟན་རྒྱས། 《ཆོས་རྗེ་ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་དཔག་བསམ་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ་》དབུ་ཅན་བྲིས་མ། ཤ་༣༡༩ན་གསལ།
         ﹙71﹚ཇོ་ནང་ཧཱ་ར་ནཱ་ཐ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ལོ། ཤ་༢༡ན་གསལ།
         ﹙78﹚གཡང་པ་ཆོས་རྗེ་དང་དཀོན་མཆོག་སྐྱབས། 《རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་》ཞེས་པ་ནི་《རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་》ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༣༤༣དང་༢༥༧ ༢༨༢བཅས་སུ་གསལ།
         ﹙82﹚དཔལ་འབྱོར་རྒྱ་མཚོ། 《མཁར་ནག་ཆོས་འབྱུང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༣༣ན་གསལ།
         ﹙85﹚དེ་ནི་ས་རྡོ་གང་རུང་ལས་བྱས་པའི་གཞིས་ཁའི་ལྕགས་རིའི་མཐའ་འཁོར་དུ་ཆུ་ཡུར་རམ་འོབས་དོང་བྲུས་ནས་དགྲ་འགོག་གེ་ནུས་པ་ཐོན་པར་བྱེད་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ཤིག་ཡིན། ཆུའི་ལྕགས་རི་ཡང་ཟེར།
         ﹙86﹚སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་འབྲི་ཁུང་པའི་ལག་ནས་གྲ་ཕྱི་བླངས་ཏེ་བརྩིགས་པའི་མོན་མགར་བཀྲ་ཤིས་གདོང་ཞེས་པའི་གཞིས་ཁ་དེའི་མིང་ཕྱིས་རྣམ་སྲས་གླིང་དུ་འཕོས་པར་གྲགས།
         ﹙87﹚གཞིས་ཁ་དེ་ནི་གྲ་དོལ་གཞུང་གསུམ་ལས་དོལ་གྱི་ཕུ་རུ་གནས་ཤིང་། དེང་གི་སྲིད་འཛིན་ས་ཁུལ་གྱི་སྒྲིག་གཞི་ལྟར་ན། གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་ཞེས་པའི་ཤང་སྲིད་གཞུང་གནས་ཡུལ་གྱི་མཚམས་ན་ཡོད་ཀྱང་ད་ལྟ་མཐོང་དུ་ཡོད་པ་ནི་གཞིས་ཁའི་རྩིག་རྨང་ཅུང་ཟད་ཙམ་དང་མཐའ་འཁོར་གྱི་ཆུ་འོབས་དེ་དག་ཙམ་ཡིན།
         ﹙89﹚དུས་རབས་བཅོ་ལྔ་པ་དང་བཅུ་དྲུག་པའི་ཡིག་ཚང་རྣམས་སུ་ལྷུན་གྲུབ་ལྷ་རྩེ་རྫོང་ཞེས་བྱུང་བ་དང་། དུས་རབས་བཅུ་བདུན་པའི་མཚམས་ནས་དོལ་རྫོང་དངདོལ་མདའི་རྫོང་ཞེས་ཀྱང་བྱ། རྫོང་དེར་ཡར་རྒྱབ་དཔོན་ས་རྡོ་རྗེ་བདེ་མས་སྦྱིན་བདག་གནང་སྟེ་འགོས་ལོའི་《དེབ་ཐེར་སྔོན་པོ་》ལ་ཡང་ཐོག་མར་ཞུ་དག་མཛད་པར་གྲགས། དེའི་གནས་ཡུལ་ནི་དེང་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་མཚམས་ཀྱི་རི་འབུར་སྟེང་དུ་ཡིན། ད་ལྟ་རྩིག་ཤུལ་ཙམ་ལས་མཇལ་དུ་མེད།
         ﹙93﹚རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ལོ། ཤ་༣༧༩ནས་༣༨༠བར་ན་གསལ། དེབ་ཐེར་འདིར་གཞིགས་ན། སྤྱི་ལོ༡༣༥༢ལོར་གཞིས་ཁ་གོང་དཀར་དང་། ༡༣༥༢ལོར་རིན་སྤུངས། ༡༣༥༤ལོར་བསམ་གྲུབ་རྩེ། ༡༣༥༦ལོར་སྣེའུ། ༡༣༥༧ལོར་བྲག་དཀར་བརྩིགས་པའོ།
         ﹙94﹚《བྱམས་པ་གླིང་པའི་རྣམ་ཐར་》ནང་དཔོན་བཞི་འཛོམ་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་དུ་བསྐོས་ཞེས་དང་། 《རྗེ་ཙོང་ཁ་པའི་རྣམ་ཐར་》ལས་གཞིས་ཀ་སྣེའུ་རྫོང་པ་ཞེས་པ་ལ་སོགས་པའི་རྗོད་ཚིག་བྱུང་།
         ﹙98﹚ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། 《སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་》ཞེས་པ་ནི་《ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་》པོད་བདུན་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤ་༡༧༤ལས། “དེ་ནས་གཞིས་ཀ་བསམ་གྲུབ་རྩེར་ཕེབས་ཏེ་རིན་སྤུངས་རྒྱལ་བུ་ནོར་བུ་བཟང་པོ་པ་དང་། སྡེ་པ་ཞིང་ཤག་རྡོ་རྗེ་གཉིས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་པ་ལ་”ཞེས་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1