གཤོག་རྩལ་ངོམ་ནས་ལོག་བྱུང་།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-23




        དཔྱིད་མགོ་མའི་ཞོགས་པ་འདིར། མཛོད་དགེའི་ན་འདམ་གྱི་མཚོ་ཁྲའི་ས་ཁོངས་སུ། འཁྱགས་དར་གྱིས་བསྡམས་པའི་ན་འདམ་ནི་ཉི་མའི་འོད་སྣང་གི་མཚར་སྡུག་འོག སུམ་གནས་ཀྱི་ཞིང་ཁམས་ས་ལ་འཕོས་པར་འདྲ། ལྷོ་ཕྱོགས་ནས་སླར་ཡང་ཕ་སར་ལོག་པའི་ཁྲུང་ཁྲུང་སྐེ་ནག་བཟའ་མི་གསུམ་ནི། གསེར་མདོག་གི་རྩྭ་ཐང་དང་དངུལ་མདོག་གི་འཁྱགས་དར་གྱིས་བརྒྱན་པའི་ཞིང་ཁམས་དེར། བག་ཕེབས་ངང་དཔྱིད་ཀའི་མཛེས་ལྗོངས་ལ་དགའ་བས་རོལ།
    གསར་འགོད་པ་ཞོགས་པར་མཚོ་ཁྲ་ཁུལ་དུ་བསྐྱོད་པ་ན། དེར་ཁྲུང་ཁྲུང་སྐེ་ནག་གསུམ་གྱིས་མགོ་བོ་སྒུར་ཏེ་གཟན་ལ་རོལ་བཞིན།མཚམས་རེར་འཆམ་འཆམ་བྱེད་ཅིང་མཚམས་རེར་གཤོག་རྡེབ་ཀྱི་གར་ལ་རོལ། དེ་ལས་མགོ་སྤུ་ད་དུང་དམར་བོར་འགྱུར་མེད་ལ་ལུས་བོངས་ཅུང་ཆུང་བ་དེ་ནི། ན་ནིང་གི་ཟླ་ལྔ་བར་སྲུང་སྐྱོང་ཁུལ་གྱི་ལས་མིས་ལྟ་ཞིབ་ཚད་ལེན་བྱས་ཟིན་པའི་ཁྲུང་ཕྲུག་གསར་སྐྱེས་མ་དེ་རེད། བདག་སྲུང་བས་གསར་འགོད་པར་བཤད་རྒྱུར། སྤྱིར་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་སྒོ་ང་གཉིས་ལས་བཞག་མེད། དེ་ལས་གཅིག་ནི་བཀད་རྗེས་ཅུང་མ་འགོར་བར་ཝ་ངན་མའི་ཁ་ཟས་སུ་འགྱུར་བས། སེམས་ཕངས་དགོས་པ་ཞིག་རེད། 
    དེར་བརྟེན་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་ཁྲུང་ཕྲུག་གཅིག་ཤོས་ཁྲིད་དེ། སྔར་བཞིན་མཚོ་ཁྲའི་ས་ཁོངས་སུ་འཚོ་བ་རོལ། ན་ནིང་གི་ཟླ་བཅུ་གཅིག་པར་ཁྲུང་ཁྲུང་སྐེ་ནག་ལྷོ་ཕྱོགས་སུ་འཕུར་ལ་རན་དུས། ཁྲུང་ཁྲུང་སྐེ་ནག་གི་བཟའ་མི་གསུམ་ཡང་ཁྲུང་ཁྲུང་སྐེ་ནག་གི་རུ་དཔུང་དང་འགྲོགས་ཏེ། ཡུན་ནན་གྱི་ཏ་ཧྲན་པའོ་དང་ཀུའེ་ཀྲོའུ་སོགས་སུ་དགུན་བརྒལ་ལ་འཕུར། ད་ལོའི་ཟླ་གསུམ་པར་སྲུང་སྐྱོང་ཁུལ་གྱི་བདག་སྲུང་བས་དགའ་འོས་པ་ཞིག་ལ། ཁོ་ཚོས་ལྷོ་ཕྱོགས་ནས་ལོ་སར་རོལ་རྗེས་བདེ་བླག་ངང་སླར་ཡང་མཚོ་ཁྲར་ལོག་ཕེབས་བྱུང་བར་རྟོགས། འདིའང་ཁྲུང་ཕྲུག་དེ་ཕ་མ་དང་འགྲོགས་ཏེ་སྤྱི་ལེ་1500ལྷག་བརྒལ་ནས། ལྷོ་བྱང་དུ་གནས་སྤོ་ཐོག་མར་བྱས་པ་ཡིན།

    མཛོད་དགེ་ན་འདམ་དོ་དམ་ཅུས་ཀྱི་ཚན་རིག་ཞིབ་འཇུག་ཚན་ཁག་གི་ཚན་གཙོ་བསོད་ནམས་རྡོ་རྗེས་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་གི་བཟའ་ཚང་འདི་ཟླ་3ཚེས་13ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་སུ། མཚོ་ཁྲར་ལོག་བྱུང་། ང་ཚོས་ཚད་ལེན་བྱས་པ་ན། ཁྲུང་ཁྲུང་སྐེ་ནག་གསུམ་ནི་ན་ནིང་རྒྱུན་དུ་ལྟ་ཞིབ་ཚད་ལེན་བྱས་མྱོང་བའི་ཁྲུང་ཁྲུང་སྐེ་ནག་བཟའ་མི་གསུམ་པོ་ཡིན་པར་ར་སྤྲོད་བྱུང་། མིའི་ན་སོ་ལྟར་བརྩིས་ན་ད་ལོའི་ཟླ་ལྔ་བར་ཐོན་ན་ཁྲུང་ཕྲུག་ལོ་ན་གཅིག་ལ་སོན། ཁོ་ཚོ་ནི་ཡུན་ནན་གྱི་ཏ་ཧྲན་པའོ་ནས་འཕུར་འོངས་པ་ཡིན་ལ། ཕལ་ཆེར་ཉིན་གསུམ་ཡས་མས་ལ་འགོར་ཡོད་ཟེར།
    ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། འཛམ་གླིང་ཐོག་མཐོ་སྒང་ནས་འཚོ་ཞིང་སྐྱེ་འཕེལ་བྱེད་པའི་ཁྲུང་རིགས་གཅིག་པུའང་ཡིན། ཉེ་བའི་ལོ་ཤས་རིང་མཛོད་དགེས་གནད་འཁེལ་ཤུགས་འདོན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ན་འདམ་སླར་གསོ་དང་བྱེ་འགྱུར་འགོག་བཅོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་། སྐྱེ་ཁམས་ཁོར་སྲུང་སོགས་ཀྱི་ལས་ཀར་འབད་དེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ད་ཆའི་བར་ཚོད་རྩིས་བྱས་ན་མཛོད་དགེའི་ན་འདམ་གྱི་མཚོ་ཁྲའི་ས་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་900ལ་ཐོན། ཚོད་དཔག་ལྟར་ན་མཛོད་དགེ་རྫོང་གི་མངའ་ཁོངས་ཡོངས་སུ་ཁྱུ་ཚོགས་ཀྱི་གྲངས་འབོར་2000ལྷག་ཟིན། ལོ་རེའི་ཟླ3པར་ཁྲུང་ཁྲུང་སྐེ་ནག་དག་ལྷོ་ཕྱོགས་ནས། གཅིག་རྗེས་གཉིས་མཐུད་དུ་སླར་ཡང་ཕ་ཡུལ་མཛོད་དགེར་ལོག་ཡོང་ངོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1