༄༅།།ལྷ་བཟོ་སྨན་སྒང་བ་ཡོན་ཏན་ཚེ་རིང་།

རྩོམ་པ་པོ། ཀུན་བཟང་དཔལ་མོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-23



   

ལྷ་བཟོ་སྨན་སྒང་བ་ཡོན་ཏན་ཚེ་རིང་།

   ཡོན་ཏན་ཚེ་རིང་ནི་སྤྱི་ལོ་༡༩༥༤ལོར་སྡེ་དགེའི་ཡར་སྟོད་ལུང་རྣམ་ཕུ་སྨན་དེའུ་སྒང་དུ་སྐྱེས། རང་ལོ་དྲུག་གི་སྐབས་སུ་ས་དཀར་ཤིས་སློབ་ཆུང་འདོན་པ་དང་། དེ་རྗེས་ཞིང་འབྲོག་གི་ལས་ཞོར་དུ་སུམ་རྟགས་དག་གསུམ་དང་བྲིས་སོགས་སྦྱོང་། རང་ལོ་བཅུ་དྲུག་གི་སྐབས་སུ་སྨན་རམས་པ་བཟང་རྒྱལ་མདུན་ནས་གསོ་བ་རིག་པ་སློབ་སྦྱོང་དང་།ལྷ་རིས་རི་མོ་སྦྱོང་འགོ་རྩོམ།སྐབས་དེར་རྣམ་ཕུ་མཉམ་ལས་ཁང་གི་རྐང་རྗེན་སྨན་པ་དང་།དམངས་གཉེར་དགེ་རྒན།རྩིས་པ་སོགས་ཀྱི་ལས་འགན་བཞེས། རང་ལོ་ཉེར་བཞི་པར་མཁས་པའི་དབང་པོ་ཐང་ལྷ་ཚེ་དབང་མཆོག་གི་དྲུང་ནས་རི་མོ་དང་། སྐུ་གཟུགས།   དཀྱིལ་འཁོར།  མཆོད་རྟེན་སོགས་ཀྱི་ཐིག་རྩ་དང་།ཀརྨ་སྒར་བྲིས་རི་མོ་དང་གཞུང་ལུགས་མན་ངག་དང་བཅས་པ་གསན་སྦྱོང་བྱས་ལ།ཁོང་ལ་ཐང་ལྷ་ཚེ་དབང་གིས་ཕུལ་དུ་བྱུང་བའི་སློབ་མ་ཞེས་གདེང་འཇོག་ཚད་མཐོན་པོ་གནང་། ཚོན་མདངས་ནི་ཆེས་ཐོག་མར་མཛོ་རྫི་དར་རྒྱས་ལས་སྦྱོང་བ་དང་།  འཇམ་དཔལ་གྱི་སྐུ་མདུན་ནས་ཐང་ནག་གི་འབྲི་ཚུལ་གསན་སྦྱོང་མཛད་མྱོང་། དེ་ནས་དགེ་རྒན་སྟོབས་རྒྱལ་དང་།མཆོག་སྤྲུལ་ཐུབ་བསྟན་ཚེ་རིང་།ནང་ཆེན་བླ་མ་བསོད་རྒྱལ་སོགས་ལས་རི་མོ་རྐོ་བཟོ་དང་འབུར་བཟོ་སོགས་བསླབས།  དུས་མཚུངས་སུ་སྒྲ་རྩིས་སོགས་སྦྱོང་མཛད་པར་མ་ཟད་སྦྱངས་འབྲས་ཀྱང་མི་དམན་པ་ཐོབ།སྤྱི་ལོ་༡༩༨༠ནས་༡༩༨༤་བར་ལོ་བཞི་ལྷག་རིང་སྡེ་དགེ་དཔར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་ལྷ་པར་དང་ཡི་གེ་བརྐོས་ལ། འདག་བཟོའི་དབུ་མཛད་སོགས་ཀྱི་འགན་བཞེས།   སྐབས་དེར་བརྐོས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་དང་།  གེ་སར་སོགས་ཀྱི་ལྷ་པར་རྣམས་སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད།   སྤྱི་ལོར་༡༩༨༥ ལོ་ནས་བཟུང་ད་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་དགེ་རྒན་མཛད་ནས་སློབ་མ་སྟོང་ཚོ་ལ་བྲིས་འབུར་རྐོ་གསུམ་གྱི་སློབ་ཁྲིད་བྱས་ཏེ་རང་རྐྱ་ཁེར་ཐུབ་པའི་སློབ་མ་གྲངས་མང་བྱུང་ཡོད། སྔོན་རྗེས་སུ་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་རྡོ་ལོ་སོགས་ཀྱི་མདུན་ནས་རིག་གནས་སྤྱི་དང་རྒྱུད་སྡེའི་ཆོས་སྐོར་མང་པོའི་དབང་ལུང་ཁྲིད་ཞུས།དེ་བཞིན་མཁན་པོ་དེས་ཆུང་བློ་ཆོས་ཀྱི་མདུན་ནས་སྙན་ངག་དང་།  མངོན་བརྗོད་སོགས་ཁྲིད་ལུང་ཡང་ཞུས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འགྲོས་ལྟར་བསླབ་པར་བྱ་བའི་རིག་གཞུང་དང་ལག་ལེན་ཐམས་ཅད་ལ་བརྒྱུད་པའི་ལུང་དང་།གྲོལ་བྱེད་ཀྱི་ཁྲིད།

    གསང་སྔགས་རྒྱུད་སྡེའི་ཞལ་ཐང་བྲིས་པ་ལའང་སྔོན་དུ་སྨིན་བྱེད་ཀྱི་དབང་ཐོབ་པར་བྱེད་པ་བཅས་ནི་ཁོང་ཉིད་ཀྱིས་ཤིན་ཏུ་རྩ་ཆེན་དུ་བརྩིས་ཏེ་ཐོག་མར་ཁོང་ཉིད་ཀྱིས་དབང་ལུང་བརྒྱུད་པ་ཁུངས་ལྡན་ནས་ཞུས་ཡོད། སྔོན་རྗེས་སུ་སི་ཁྲོན་ཁྲིན་ཏུ་ནས་ནུབ་ལུགས་དངོས་བྲིས་རི་མོ་སློབ་སྦྱོང་དང་།  ལས་ཞོར་དུ་རི་མོའི་སློབ་དེབ་བཟོ་མཆོག་ལྟད་མོ་ཀུན་མཐོང་ཞེས་པ་དང་།བོད་ཀྱི་རི་མོའི་རྨང་གཞི་རྩ་གནད་ཅེས་པའི་བརྩམས་དེབ་མཛད་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།རིག་པའི་གནས་བཅུའི་བཀོད་ཡིག་དང་ཞལ་ཐང་སྦྲགས་མ།  སྡེ་དགེའི་རྒྱལ་རབས་རི་མོའི་བཀོད་ཡིག   ཀྲུང་ཧྭ་བོད་ཡིག་བཀའ་བསྟན་དཔེ་ཆའི་མདུན་རྒྱབ་དང་བར་བཅུག་རི་མོ། གེ་སར་ཐང་སྟོངཆེན་མོའི་སྐྱ་རིས་དང་བརྩིས་ལེན་སོགས་ཀྱི་འགན་བཞེས།    དེ་ལྟར་ཏེ་པེ་ཅིན་དང་།  ཧྲེན་ཧྲན།  ཁྲིན་ཏུ། དཀར་མཛེས་ཁུལ་སོགས་ལ་ཁོང་ཉིད་ནས་བྲིས་པའི་ཞལ་ཐང་གཤོམ་སྟོན་བྱས་པ་རྣམས་ལ་བྱ་དགའ་དང་དཔང་རྟགས་ཡི་གེ་ཐོབ་སྟེ།༡༩༩༩ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཛེས་རིག་འཆད་དཔོན་ཆེན་མོའི་གོ་མིང་དང་། ༢༠༠༦ལོར་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། ཐང་ལྷ་ཚེ་དབང་གི་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ།  ༢༠༠༧ ལོར་སི་ཁྲོན་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ།   ༢༠༡༢ ལོར་རྒྱལ་ཡོངས་སློབ་ཆེན་ལས་རིགས་ལག་རྩལ་འགྲན་བསྡུར་སྐབས་འཛུལ་སྟོན་དགེ་རྒན་ཕུལ་བྱུང་།ལོ་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཀརྨ་སྒར་བྲིས་རི་མོའི་རྒྱུན་འཛིན་པའི་ཚབ་མཚོན་སློབ་དཔོན་ཆེན་མོའི་གོ་མིང་། ༢༠༡༩ ལོར་དཀར་མཛེས་ཁུལ་གྱིས་གངས་ལྗོངས་ཁམས་པའི་རིག་གནས་རྒྱུན་འཛིན་གྱི་ཚབ་མཚོན་པ།ལྷོ་ནུབ་མི་རིགས་སློབ་གྲྭས་རྒྱལ་ཁབ་ཀྱི་རྐོས་རིས་ལག་རྩལ་ཟབ་སྦྱོང་སྐབས་འཛུབ་སྟོན་དགེ་རྒན་གྱི་གོ་མིང་སོགས་བྱ་དགའ་དང་མཚན་སྙན་གྱི་རྟགས་མ་རབ་དང་རིམ་པ་ཐོབ་ཏེ་ད་ལྟའང་མུ་མཐུད་ནས་ཀརྨ་སྒར་བྲིས་རི་མོའི་སྒྱུ་རྩལ་སྐོར་ལ་ཞིབ་འཇུག་དང་འཆད་ཁྲིད་བྱེད་བཞིན་གནས་པའོ། །    


རྩོམ་ཡིག་སྔོན་མ།
༄༅།།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1