མཚོ་སྔོན་དུ་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གསོག་ནུས་རྣམ་གྲངས་ཞིབ་འཇུག་གི་ལས་དོན་སྤེལ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-25



   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་མངགས་བཅོལ་ལྟར《གཞི་ཁྱོན་ཆེ་བའི་གསོག་ནུས་ཀྱིས་བསྡུར་ཚད་མཐོ་བའི་བསྐྱར་སྐྱེས་ནུས་རྒྱུར་རམ་འདེགས་བྱེད་པའི་གློག་ཤུགས་མ་ལག་བདེ་འཇགས་ངང་འཁོར་སྐྱོད་བརྟན་པོ་ཐུབ་པའི་ཞིབ་འཇུག》ལས་དོན་སྤེལ་འགོ་ཚུགས་པ་དང་། དེ་ནི་རྒྱལ་ནང་དུ་དེའི་ཐད་ཀྱི་ཞིབ་འཇུག་བྱེད་ཐེངས་ཐོག་མ་ཡིན་པས། གཞི་ཁྱོན་ཆེ་བའི་གསོག་ནུས་ཀྱིས་བསྡུར་ཚད་མཐོ་བའི་བསྐྱར་སྐྱེས་ནུས་རྒྱུར་རམ་འདེགས་བྱེད་པའི་གློག་ཤུགས་མ་ལག་བདེ་འཇགས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་ནས། རང་རྒྱལ་གྱི་ནུས་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། གཞི་ཁྱོན་ཆེ་བའི་གསོག་ནུས་འཕེལ་རྒྱས་གཏོང་བ་ནི་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་གང་ལེགས་བྱེད་པའི་ལག་རྩལ་གྱི་རམ་འདེགས་ཡག་ཤོས་ཤིག་ཡིན་པ་དང་། དེས་གློག་དྲ་འཁོར་སྐྱོད་བདེ་འཇགས་དང་། ནུས་རྒྱུ་གསར་པ་འདྲེན་སྤྱོད། གློག་ཤུགས་གློག་ཚད་དོ་སྙོམས་སོགས་ཀྱི་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་ལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཀྱང་རེད།
   དེ་གོང་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གསོག་ནུས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད་ཞིབ་འཇུག་གཏིང་ཟབ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་རྨང་གཞིར་བྱས་ནས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་མངགས་བཅོལ་ལྟར་གཞི་ཁྱོན་ཆེ་བའི་གསོག་ནུས་ཀྱིས་བསྡུར་ཚད་མཐོ་བའི་བསྐྱར་སྐྱེས་ནུས་རྒྱུར་རམ་འདེགས་བྱེད་པའི་གློག་ཤུགས་མ་ལག་འཁོར་སྐྱོད་བརྟན་པོ་ཡོང་བའི་ཞིབ་འཇུག་ལས་དོན་སྤེལ་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་འཇུག་བྱེད་པའི་ནང་དོན་ལ་གཞི་ཁྱོན་ཆེ་བའི་གསོག་ནུས་མ་ལག་གློག་དྲར་མཐུད་པའི་འཚམ་འཕྲོད་རང་བཞིན་དང་། དེ་བཞིན་དུས་བཀག་རང་བཞིན་གྱི་དབྱེ་ཞིབ་དང་གཞི་ཁྱོན་ཆེ་བའི་གསོག་ནུས་ཀྱི་ནུས་རྒྱུ་གསར་རྐྱང་གི་མ་ལག་འཁོར་སྐྱོད་བརྟན་པོའི་འགག་རྩའི་ལག་རྩལ་སོགས་ཕྱོགས་ལྔའི་ཐད་ཀྱི་ནང་དོན་ཚུད་ཡོད། ཞིབ་འཇུག་དུས་ཚོད་2021ལོ་ཧྲིལ་པོ་ཡིན་ཞིང་། སྔོན་དཔག་ལྟར་ན། ཟླ་5ཚེས་31ཉིན་གོང་ཞིབ་འཇུག་གི་གྲུབ་འབྲས་རགས་ཙམ་ཐོན་རྒྱུ་དང་། ཟླ་6ནས་12བར་ཞིབ་འཇུག་གི་བསྡོམས་ཚིག་སྔར་བས་ཞིབ་ཚགས་སུ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1