གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༢༥ཉིན།

༄༅།།གཙང་པོའི་མགོ་ཁུངས་ཀྱི“ས་ནག་ཐང”ལྗང་བསྒྱུར་བྱེད་མཁན།


        “ས་ནག་ཐང་འདི་འདྲ་རྒྱ་ཆེ་བ་ཞིག་ལ་རྩྭ་བཏབ་ནས། རྒན་པོ་འདི་སྨྱོས་པ་མིན་ནམ།”
        “རྩྭ་ཡག་པོ་བཏབ་འདུག རྒན་པོས་དཀའ་ལས་མྱངས་སོང་།”སྐད་ཆ་འདི་གཉིས་ནི་རྩྭ་མ་བཏབ་པའི་སྔོན་དང་རྩྭ་བཏབ་པའི་རྗེས་ལ། སྡེ་དམངས་རྣམས་ཀྱིས་སྟོབས་ལྡན་ལ་གདེང་འཇོག་བྱེད་སྟངས་རྩ་བ་ནས་མི་འདྲ་བ་གཉིས་རེད།
        མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་དགུ་སྟོད་སྡེ་བ་ནི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི4200ཡི་མཚམས་སུ་ཆགས་ཡོད་ལ།རྟ་བོ་གྲོང་རྡལ་དང་བར་ཐག་སྤྱི་ལེ་ཉེར་བཞི་ཡོད།
        དགུ་སྟོད་སྡེ་བའི་ས་མཚམས་སུ་སླེབས་རྗེས། མིས་ཐབས་ཀྱིས་འདེབས་འཛུགས་བྱས་པའི་ཡུག་པོ་དང་གྲོ་ནག་སོགས་གཟན་རྩྭ་ནི་ཀུན་གྱི་མིག་དབང་འདྲེན་པ་ཞིག་སྐྱེས་འདུག་ལ། སྡེ་བའི་ནང་དུ་སོང་གིན་སོང་གིན་གཟན་རྩྭ་ནི་དེ་ལྟར་མང་པོ་མཐོང་རྒྱུ་འདུག ལྗང་ཐིང་ཐིང་གི་རྣམ་པ་དེ་ནི་གཡུ་ཡི་རྒྱ་མཚོ་ཞིག་དང་འདྲ། གསར་སྐྱེས་ལོ་འདབ་སྟེང་ཟིལ་བའི་ཕྲ་བཏབ་པ་བཞིན་མི་རྣམས་ལ་རེག་ཏུ་མི་བཟོད་པའི་སྣང་བ་སྟེར།
        “གྲོ་ནག་འདི་དག་ཉིན་འགའི་རྗེས་སུ་འབྲེག་དགོས་ལ། མ་བྲེགས་ན་རིང་པོ་སྐྱེས་ཏེ། སྙེ་མའི་སྟེང་གི་ཚེར་ནག་གིས་ནོར་གྱི་མཆུ་ཏོར་འཛེར་ངེས་རེད། ”དགུ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟོབས་ལྡན་གྱིས་སྨྲ་བརྗོད་དེ་འདྲ་མི་དག་པའི་རྒྱ་སྐད་ཀྱི་ལམ་ནས་གྲོ་ནག་ཡུག་གཅིག་སྟོན་ཞོར་དེ་ལྟར་ཟེར།
        ལོ་ན68ལོན་པའི་སྟོབས་ལྡན་ནི་གཟུགས་པོ་སྟོབས་ཆེ་ཞིང་ཞལ་མདོག་ནག་པ། ཧ་ཅང་སྤྲོ་སེམས་ཆེ་བ། མིག་མདངས་ལས་འགྱུར་མེད་དང་ཡིད་ཆེས་མངོན་ཡོད་ལ། ཁོའི་སྣེ་ཁྲིད་ཀྱི་འོག་ནས་དགུ་སྟོད་སྡེ་བས་མཚོ་ངོས་ལས་ཤིན་ཏུ་མཐོ་བའི་ས་ཆར་མིས་ཐབས་ཀྱིས་རྩྭ་བཏབ་སྟེ་ས་ནག་ཐང་ལྗང་བསྒྱུར་བྱས་པའི་ངོ་མཚར་ཞིག་བསྐྲུན།
        གྲོང་གསེབ་གཞུང་ལམ་འགྲམ་རྒྱུད་ཀྱི་ན་ཐང་ངམ་ཡང་ན་མིག་གིས་མཐོང་ཚད་ཀྱི་ཐག་རིང་གི་རི་གང་ཡིན་ཡང་། ཡོད་ཚད་ལྗང་ལྡེམ་ལྡེམ་གྱི་སྐྱེ་སྟོབས་ལེགས་པའི་གཟན་རྩྭ་ཡིན་ཞིང་། མིག་སྔར་གྱི་ལྗོངས་རྣམ་འདི་ལས་ལོ14ཡར་སྔོན་ལ་གནས་འདི་ནི་ས་ནག་ཐང་ཡུག་གཅིག་ཡིན་པ་མི་རྣམས་ཀྱི་ཡིད་ལ་འཆར་དཀའ།
        དུས་རབས་སྔོན་མའི་དུས་མཇུག་ཏུ། ཕྱུགས་ཟོག་ཚད་ལས་བརྒལ་བ་དང་། ཨ་བྲའི་གནོད་འཚེ་སོགས་ཀྱི་རྐྱེན་གྱིས་དགུ་སྟོད་སྡེ་བའི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་བྱུང་། “ག་ས་གང་དུ་ཨ་བྲའི་ཁུང་བུ་ཡིན་ལ། དེ་ཚོས་ད་དུང་མང་པོ་ལྷག་མེད་པའི་རྩྭའི་རྩད་པའང་ཟ་བཞིན་འདུག”སྟོབས་ལྡན་གྱིས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།
        རྩྭ་ས་ཇེ་ཞན་དུ་གྱུར་པ་དང་། སྔོ་ཁེབས་ཀྱིས་ཆུ་ཁུངས་གསོ་བའི་ནུས་པའང་མར་ཆག་པས་དགེ་ཆུའི་ཆུ་ཤུགས་ཀྱང་འགྲིབ་མགོ་བརྩམས། དཔྱིད་ཀར་རླུང་ཆེན་ཐེངས་གཅིག་གཡུག་ཚེ། ས་ནག་དགུང་ལ་འཚུབ། སྐབས་དེར། རྨ་བཞིན་རལ་པའི་རྩྭ་ཐང་ལ་ལྟ་བཞིན། སྟོབས་ལྡན་གྱིས་རྒྱུན་དུ་གདོང་ཡོངས་མཆི་མས་བརླན་ཏེ་བཤད་རྒྱུར། “ནོར་ལུག་ལ་གཟན་རྩྭ་མེད་ཚེ། འཚོ་བ་རོལ་ཐབས་མི་འདུག”
        འབྲོག་ཕྱོགས་ནས་མི་ཚེ་ཕྱེད་ཀ་ལྷག་ལ་འཚོ་བ་རོལ་བའི་འབྲོག་དམངས་སྟོབས་ལྡན་གྱིས་རྩྭ་ས་ཞན་འགྱུར་བྱུང་སྟེ་ས་ནག་ཐང་དུ་གྱུར་བའི་གོ་རིམ་ཡོངས་རྫོགས་མིག་གིས་དངོས་སུ་མཐོང་ཡོད་ལ། བྱིས་པ་ཚོའི་སྐྱིད་པའི་དགའ་ཚལ་མེད་པར་གྱུར་པ་དང་། ནོར་ལུག་གི་བཟའ་ཆས་ཀྱང་མེད་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བའང་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར། སྟོབས་ལྡན་གྱིས་སེམས་ལ་འཚུབ་ཆ་ལངས་ཏེ་འདི་དག་ཡོད་ཚད་བསྒྱུར་དགོས་པའི་དམ་བཅའ་བཞག
        “ངས་རྩྭ་འདེབས་དགོས། དཀའ་སྡུག་ཆེ་ཡང་ངས་དེ་ལྟར་བསྒྲུབ་དགོས།”
        འདི་ནི་ཁ་གཡང་སྟོང་པ་ཞིག་མིན་པར།འདི་ནི་ཁོས་རང་སེམས་ལ་བཀོད་པའི་དམིགས་ཡུལ་རེད།
        དགེ་སྟོད་སྡེ་བར་རྩྭ་ས་སྤྱི་ཆིང་ཁྲི1.68ཡོད་ལ། དེའི་ཁྲོད་ས་ནག་ཐང་གི་རྒྱ་ཁྱོན་གྱིས་སྤྱི་ཆིང7333ཟིན་ཡོད།སྟོབས་ལྡན་གྱི་སྣེ་ཁྲིད་དང་དམངས་ཡོངས་ཧུར་ཐག་སྒོས་ཞུགས་པའི་འོག ཁོ་ཚོས་ལོ་ངོ་བཅུ་དེ་ཉིན་གཅིག་བཞིན། ཡིད་ཆེས་འགྱུར་མེད་ངང་སྤོབས་པས་མདུན་དུ་བསྐྱོད།
        མགོན་པོ་རྡོ་རྗེ་ནི་ཆེས་སྔོན་མར་ཧྲུའུ་ཅི་སྟོབས་ལྡན་གྱི་རྗེས་འབྲངས་ནས་རྩྭ་འདེབས་མཁན་འབྲོག་ཁྱིམ་གྱི་གྲས་ཡིན་ལ། ཡང་གཅིག་བཤད་ན་ཆེས་ཐོག་མར་ཁེ་ཕན་རེག་མཁན་གྱི་མི་ཡང་ཡིན། “དུས་རིམ་སྔོན་མར་རྩྭ་བཏབ་པ་དང་ཕྱུགས་འཚོ་བ་བཀག་པ་བརྒྱུད། ངེད་ཚང་གི་རྩྭ་སའི་ཐོག་གི་ཨ་བྲ་ཡང་ཇེ་ཉུང་དུ་གྱུར་ཞིང་། ནོར་ལུག་ཇེ་མང་དུ་གྱུར་བ། དགུན་དུས་ནོར་ལུག་གི་གཟན་རྩྭའི་གནད་དོན་ཡང་ཐག་བཅད་པ་དང་། ཧྲུའུ་ཅི་སྟོབས་ལྡན་གྱི་སྣེ་ཁྲིད་འོག ང་ཚོའི་སྡེ་བའི་འབྲོག་དམངས་མང་པོ་ཞིག་གི་བསམ་བློར་ཡང་འགྱུར་ལྡོག་བྱུང་ནས། རང་ཉིད་ཀྱིས་མ་དངུལ་བཏང་ནས་རྩྭ་འདེབས་པ་དང་། ས་ནག་བཅོས་སྐྱོང་བྱེད་པའི་མི་ཡང་ཇེ་མང་ནས་ཇེ་མང་དུ་གྱུར། རྩྭ་ཐང་ལྗང་མདོག་ཏུ་གྱུར་ན། ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བར་ད་གཟོད་རེ་བ་ཡོད།”མགོན་པོ་རྡོ་རྗེས་ཡིད་འགུལ་ཐེབས་པའི་ངང་དེ་ལྟར་བརྗོད།
        ལོ་ངོ14འདས་སོང་བ་དང་། སློབ་གྲྭར་ཉིན་གཅིག་ལའང་འགྲོ་མ་མྱོང་བའི་སྟོབས་ལྡན་གྱིས་རྒྱལ་ཕམ་མང་པོ་བརྒྱུད་རྗེས། རྩྭ་འདེབས་པའི་ཕྱོགས་སུ་ཤེས་བྱ་སྣ་གཅིག་ཀྱང་མེད་པ་དང་། རང་གི་ཕ་ཡུལ་ལས་ཡུལ་གཞན་དུ་གོམ་པ་གཅིག་ཀྱང་སྤོས་མ་མྱོང་བའི་འབྲོག་པ་ཞིག་གིས་ཆེད་མཁས་པ་དང་མཉམ་དུ་བགྲོ་གླེང་བྱེད་ཐུབ། ལོ་འདི་དག་གི་རིང་ལ་ཁོས་དངོས་སུ་བཏབ་པའི་རྩྭ་འབྲུ་རྣམས་མཚོ་ངོས་ལས་མཐོ་ཚད་སྨི4200ཡོད་པའི་དགེ་སྟོད་རྩྭ་ཐང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་། སྤྱི་ཆིང7333ཙམ་གྱི་ས་ནག་ཐང་ལ་ཕྱོགས་ཡོངས་ནས་ལྗང་མདོག་གི་ལྭ་བ་བཀླུབས་ཏེ། རྩི་ཤིང་རབ་ཏུ་རྒྱས་པའི་རྣམ་པ་ཡང་བསྐྱར་མངོན་ཡོང་།
        མཚོ་ངོས་ལས་མཐོ་ཚད་སྨི4200ཡིན་པའི་ས་ནག་ཐང་དུ་རྩྭ་སྐྱེ་རུ་འཇུག་ཆེད། སྐབས་དེར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད་པའི་སྟོབས་ལྡན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད། “སེམས་ལ་དྲན་རྒྱུ་ཡོད་ཚད་རྩྭ་འདེབས་པའི་དོན་ཡིན། རང་ཁྱིམ་ནས་ཚོད་ལྟ་བྱས་པ་ལས་གཞན་ད་དུང་རྒྱུན་དུ་ཧྲུའུ་ཅི་རྒན་པ་དང་མཉམ་དུ་ཞིབ་འཇུག་བྱས་ཤིང་། དཀའ་སྡུག་མི་ཉུང་བ་ཞིག་མྱངས་ནའང་། ལེགས་འགྲུབ་བྱུང་སོང་།”
        གཟར་ཚད་ཏུའུ25ལས་མཐོ་བའི་རི་ངོས་སུ་རྩྭ་འདེབས་ཆེད། སྟོབས་ལྡན་གྱིས་བྱེད་ཐབས་གསར་པ་ཞིག་གསར་གཏོད་བྱས་ཏེ། ནོར་ཁྱུ་ས་ནག་ཐང་དུ་དེད་ནས། ནོར་ལ་རྨིག་བརྫིས་བྱེད་དུ་འཇུག་པ་དང་། དེ་ནས་རྩྭ་འབྲུ་ནོར་ལུག་གི་རྨིག་ཤུལ་དུ་གཏོར་བ་རེད། “ཕན་འབྲས་ཤིན་ཏུ་བཟང་། ཁྱོད་ཀྱིས་ལྟོས་དང་རི་སྟེང་གི་རྩྭ་ནི་ང་ཚོས་འདི་ལྟར་བཏབ་པ་ཡིན།”སྟོབས་ལྡན་གྱིས་རྒྱང་རིང་གི་རི་ཚོགས་སྟོན་ཞོར། སྤོབས་པས་ཁེངས་པའི་ཉམས་ཀྱིས་དེ་ལྟར་བཤད། 2013ལོར་རྩྭ་བཏབ་པ་ལ་ཐོག་མའི་གྲུབ་འབྲས་མངོན་ཟིན།
        སྟོབས་ལྡན་གྱིས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རྣམས་ཀྱི་སེམས་སུ་ཡོད་པའི་ཐེ་ཚོམ་གྱི་སྨུག་པ་དྭངས་པར་བྱས་ཏེ། ཚང་མར་རེ་བ་མཐོང་དུ་བཅུག སྡེ་དམངས་རྣམས་ཀྱི་སེམས་ལའང་འགྱུར་ལྡོག་བྱུང་ནས་སྔ་གཞུག་ཏུ་འགུལ་སྐྱོད་བྱས་ཏེ་རྩྭ་འདེབས་པའི་ལས་རིགས་ཁྲོད་ཞུགས་ཏེ། དགེ་སྟོད་སྡེ་བ་ནི་ཞང་ཡོངས་དང་ཐ་ན་རྫོང་ཡོངས་ཀྱི་རྩྭ་འདེབས་ཕྱུག་འགྱུར་གྱི་སྔོན་ཐོན་སྡེ་བར་གྱུར་ཞིང་། “མང་ཚོགས་ལ་འབྱོར་ཕྱུག་མཐོང་དུ་འཇུག་པ་དང་། མང་ཚོགས་ཁྲིད་དེ་ལས་ཀ་སྒྲུབ་པའི”ཕྱུག་འགྱུར་སྣེ་ཁྲིད་པར་གྱུར། སྔར་ལས་མང་བའི་སྡེ་དམངས་ཀྱིས་རྩྭ་འདེབས་པ་དང་ཕྱུག་འགྱུར་ལ་རོགས་རམ་དང་སྣེ་ཁྲིད་བྱེད་ཆེད། སྟོབས་ལྡན་གྱིས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང196དང་མི་གྲངས623གྱིས་མ་རྐང་ལམ་ལུགས་ལ་བརྟེན་ནས་མཉམ་ལས་ཁང་དུ་ཞུགས་པར་སྐུལ་སློང་བྱས་ཏེ། མཉམ་ལས་ཁང་དུ་ཞུགས་ཚད100%ལ་སླེབས་ཤིང་། དགེ་སྟོད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས།
        “ང་ཚོས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ནས་མ་དངུལ་སྒོར་ཁྲི150བརྩོན་ལེན་བྱས་ཤིང་། སྤྱི་ཆིང200ཡི་གཟན་རྩྭའི་རྟེན་གཞི་བཙུགས་པར་མ་ཟད། ད་དུང་ལག་འཐེན་འཕྲུལ་འཁོར་དང་། རྩྭ་འབྲེག་འཕྲུལ་ཆས་སོགས་ཞིང་ལས་འཕྲུལ་ཆས་མང་པོ་ཉོས་ཏེ། རྩྭ་བཙོངས་པའི་རིན་གྱིས་ཚང་མར་ཁེ་སྤོགས་བགོ་བཤའ་བརྒྱབ།”སྟོབས་ལྡན་གྱིས་འགྲོ་ཞོར་དང་བཤད་ཞོར་བྱས།
        དེ་ལས་གཞན། ཁོས་ད་དུང་ས་རྨོ་འཕྲུལ་ཆས་ཆུང་གྲས་དང་རྩྭ་འབྲེག་འཕྲུལ་ཆས་ལ་བཟོ་བཅོས་བྱས་ཏེ་དེ་ཚོ་སྔར་ལས་བཀོལ་བདེར་བཏང་།
        འདི་ནི་སྤྱིར་བཏང་གི་འབྲོག་པ་ཏང་ཡོན་ཞིག་གི་གོ་རྟོགས་ཡིན་ཞིང་། སེམས་ཁོང་གི་ཕུགས་བསམ་དང་མི་ཚེའི་རིན་ཐང་མངོན་འགྱུར་འབྱུང་ཆེད། ཁོས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་སྣ་ཚོགས་ལ་མི་ཚེ་གང་བོར“འཐབ་འཛིང”བྱས།
        དུས་ད་ལྟ་ལ་སླེབས་དུས། དགེ་སྟོད་སྡེ་བའི་རྣམ་པ་སྔོན་ཆད་དང་མི་འདྲ་ལ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་རིམ་གྱིས་དར་ནས། ཡོང་སྒོ་མཐོང་དུ་ཡོད་ལ། སྔོན་ཆད་ཀྱི“ནག་པོ་ཡུག་གཅིག”དེ་ད་ལྟའི“ལྗང་མདོག་ཡུག་གཅིག”གིས་ཚབ་བྱས་ཟིན་ལ། ཨ་བྲ་བསད་པའི་རྒྱ་ཁྱོན་སྤྱི་ཆིང6667ལ་སླེབས།
        ཨ་བྲ་ཇེ་ཉུང་དུ་གྱུར་ཞིང་། རྩྭའི་སྐྱེ་སྟོབས་ཇེ་བཟང་དུ་གྱུར། ནོར་ལུག་གི་གཟན་རྩྭ་ཇེ་བཟང་དུ་གྱུར་བས།དགེ་སྟོད་སྡེ་བའི་འབྲོག་པས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གྱུར་ཅིང་། འཚོ་བའི་ཆུ་ཚད་ཇེ་བཟང་དུ་གྱུར་ཡོད། འབྲོག་པ་མང་ཚོགས་ཀྱང་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་གྱུར་ཡོད།
        “ལུས་ཀྱི་རྩོལ་ཤུགས་མ་ཟད་བར་དུ། ངས་མུ་མཐུད་དུ་ལས་ཀ་འདི་བསྒྲུབ་རྒྱུ་ཡིན་ལ། བུ་རབས་ཚ་རྒྱུད་རྣམས་ལ་མུ་མཐུད་དུ་རྩྭ་སའི་འཚོ་བཅུད་རོལ་དུ་འཇུག་རྒྱུ་དང་། ཁོ་ཚོར་རི་སྔོ་ཆུ་དྭངས་ཀྱི་ཡུལ་གྲུ་ཞིག་འཇོག་རྒྱུ་ཡིན། ”

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1