༄༅།། ཉི་མ་ལྷ་སར་འགྲིམ་པའི་ཟིན་ཐོ།

ཀུན་བཟང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-25



མཚོ་ལྷོ། ཀུན་བཟང་སྒྲོལ་མ།

ལྷ་སའི་ཉིན་དང་པོ།
        དུས་ཚོད་ནི་གཙང་པོའི་བཞུར་རྒྱུན་ཇི་བཞིན་སྐད་ཅིག་ཙམ་གྱིས་རྒྱང་རིང་དུ་ཡལ་འགྲོ། ཉིས་སྟོང་བཅུ་དགུའི་ལོ་མཇུག་ལ་སླེབས་པས་ལོ་གཅིག་གི་བྱ་བ་མཐའ་དག་མཇུག་བསྒྲིལ་ལ་ཉེ། དེ་བས་ངས་དུས་ཚོད་ཐུང་ངུ་འདི་བེད་སྤྱད་དེ་སྔོན་ནས་འགྲོ་འདོད་ཀྱི་བསམ་བློ་དྲག་ཏུ་གཡོ་བའི་སྟོད་ཉི་མ་ལྷ་སར་སོང་བ་ཡིན། གནམ་གྲུ་ལས་མར་འབབ་དུས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ལ་སླེབས་འདུག གནམ་གྲུའི་འབབ་ཐང་དང་ལྷ་ས་གྲོང་ཁྱེར་ནང་ཁུལ་དུ་ཧ་ལམ་སྐར་མ་བཞི་བཅུའི་རིང་གི་ལམ་ཐག་ཡོད། མགྲོན་ཁང་དུ་ཐོན་དུས་ཧ་ཅང་ཐང་ཆད་པའི་སྣང་བ་ཞིག་གིས་ཀུན་ནས་གཙེས་ཡོང་། གྲོང་ཁྱེར་གྱི་མཐའ་བཞི་རི་བོས་བསྐོར་ཡོད་ཅིང་ཐོག་ཁང་ལ་ཤས་ལས་གནའ་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ཀུན་ནས་མངོན་ཡོད། ས་རུབ་ལ་ཉེ་བས་གློག་སྒྲོན་དག་དལ་བུར་གསལ་ཡོང་བར་མ་ཟད།ཉིན་མོའི་འདུ་འཛི་ལ་ཚིམ་པ་མེད་པར་མཚན་དུས་སྒོ་ཕྱི་རུ་འདུར་གྱིན་པའི་མི་ཚོགས་དག་གིས་འཚོ་བའི་སྣང་བརྙན་གཞན་ཞིག་གི་སྒོ་མོ་ཕྱེ་འདུག ལྷ་སའི་ནམ་ཟླ་ཧ་ཅང་འཁྱགས་ལ་སྒེའུ་ཁུང་གི་ཕྱི་རོལ་དུ་བརྗིད་ཆགས་ཉམས་དགའ་བའི་ཕོ་བྲང་པོ་ཏ་ལ་གསལ་པོར་མཐོང་ཐུབ། ད་ནི་ཉིན་གང་གི་ཆད་སྣང་དེ་གར་སོང་ཆ་མེད་དུ་གྱུར་ཅིང་ལྷ་སའི་མཛེས་སྡུག་གི་དཔལ་ལ་རོལ་བཞིན་ལས་ལ་བརྩོན་པའི་བོད་པ་དག་གིས་ལེ་བར་སྟོང་ཕྲག་གི་རི་ཆུ་བརྒལ་ཏེ་གནས་མཆོག་འདི་རུ་མཇལ་སྐོར་དུ་ཡོང་བའི་རྣམ་པ་དྲན་ཞིང་།ལྷ་ས་ནི་ང་ཚོའི་ཡིད་སེམས་ཀྱི་མཆོད་གནས་དང་མཐའ་མཇུག་གི་བསྟི་གནས་དེ་མིན་ནམ་ཞེས་རང་དབང་མེད་པར་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་།

བྱང་གི་གནམ་མཚོ་ཕྱུག་མོ།
        ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་དུ་ནམ་ད་དུང་ལངས་མེད་པར་མཐའ་བཞིའི་ཁང་བརྩེགས་དང་རི་བོ་དག་གི་གཟུགས་བརྙན་རབ་རིབ་ཅིག་མིག་ལམ་དུ་མངོན་ནས་ཡོང་། མཁའ་དབུགས་ཧ་ཅང་འཁྱགས་པས་དབུགས་ཀྱི་རླངས་པ་རྣམས་ཀྱང་ཆབ་རོམ་གྱིས་བཅོམ་འགྲོ་ལ། དགུན་དུས་ཡིན་པའི་རྐྱེན་གྱིས་ལྷ་སའི་མཛེས་སྡུག་གི་ཁ་དོག་ཅུང་ཟད་ཡལ་འདུག་པའི་སྣང་བ་ཞིག་འདུག ཐོག་མར་ལྷ་སར་སླེབས་པའི་ཉིན་དང་པོར་རི་ཁྲོད་ཀྱི་གྲོག་རོང་ཞིག་ཏུ་སླེབས་པ་དང་འདྲ་བར་མི་ཚོགས་ཀྱི་རླབས་རྒྱུན་དང་ཚོང་རའི་འུར་ཟིང་གི་དབུས་སུ་མཇལ་བ་རྣམས་ཀྱི་ཐལ་མོའི་རྡེབ་སྒྲ་དང་མ་ཎི་འདོན་པ་སོགས་ཐོས་ཐུབ་ལ། རླངས་འཁོར་གྱི་ཕྱི་རོལ་ལ་ལྟ་ཞོར་གནས་འདིའི་རི་གྲོང་དང་བྲག་རི་ཡོད་ཚད་སྐད་ཅིག་སྐད་ཅིག་ལ་ཡལ་འགྲོ་བའི་སྣང་བ་སྟེར་ཞིང་། མགོ་བོ་བཏེགས་ནས་གནམ་ལ་བལྟས་པ་ན་མགོ་ཡི་ཞྭ་མོ་ལྷུང་བའི་ཉེན་ཁ་ཡོད་ཅེས་པ་བཞིན་རི་མཐོན་པོའི་ཚད་ནི་མིག་ལ་མི་ཤོང་། ཉིན་གུང་གི་དུས་སུ་ང་ཚོ་དངོས་གནས་བྱང་གི་གནམ་མཚོ་ཕྱུག་མོར་འབྱོར་སོང་། ཧ་ཅང་འཁྱགས་པའི་དགུན་ཟླ་རིང་མོས་ཀྱང་ཆུ་མོ་དར་གྱིས་བསྡམས་མེད་ལ། ནམ་མཁའི་དཀྱིལ་དུ་སྤྲིན་དཀར་ལང་ལོང་ལྡིང་ཞིང་མཐའ་བཞི་གངས་རི་དཀར་པོའི་མུ་ཁྱུད་ཀྱིས་བསྐོར་ཡོད། དེ་ལ་རྒྱང་ནས་བལྟས་ཚེ་གནམ་ས་གཉིས་གཞི་གཅིག་ཏུ་འདྲེས་ཡོད་པ་དང་འདྲ་བར་མཚོ་མོའི་འགྲམ་དུ་སྐྱེས་ཆེན་དག་གི་སྒྲུབ་ཕུག་ཡོད་ལ། ངོ་མཚར་བའི་རང་བྱུང་ཁམས་དང་སྐྱེ་དངོས་ཀྱི་གསོན་ཤུགས་སྣ་ཚོགས་རྣམ་པ་མི་འདྲ་བའི་སྒོ་ནས་མི་ཡུལ་དུ་བལྟམས་པ་སྨྲ་བརྗོད་མཁན་པོ་སུས་ཀྱང་མཚོན་ཐབས་བྲལ་བ་ཞིག་ཏུ་འདུག

བྲག་ཡེར་བ་དགོན།
        ལྷ་ས་ཞེས་པ་ནི་ས་མིང་ཙམ་མ་ཡིན་པར་མི་རེ་རེར་དེ་ལ་ངེས་ཤེས་མི་འདྲ་བ་རེ་ཡོད། རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་བཤད་སྲོལ་ལ་ལྷ་ས་ནི་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་བསྔགས་ལ། རྒན་རབས་པ་རྣམས་ཀྱིས་ལྷ་ས་ནི་བོད་མིའི་ཡིད་སེམས་ཀྱི་བསྟི་གནས་སུ་འདོད། ན་གཞོན་རྣམས་ཀྱིས་ལྷ་ས་ནི་སྡུག་བསྔལ་མ་ལུས་སངས་པར་བྱེད་པའི་དག་ཞིང་ཞིག་ཏུ་བསྒོམས། ང་རང་ཉིད་ཀྱིས་ལྷ་ས་ལ་བཟུང་བའི་ངེས་ཤེས་དེ་སྐད་ཆ་གཅིག་གཉིས་ཙམ་གྱིས་གསལ་པོར་བཤད་དཀའ་ལ། རིག་གཞུང་གི་རྨང་ཞན་པ་དང་ལྟ་རྒྱ་དང་ཐོས་རྒྱ་ཉུང་དྲགས་པའི་དབང་གིས་ཡིན་ཡང་སྲིད་དེ། གང་ལྟར་གནས་སྐོར་གྱི་སྒོ་མོ་འདི་ལྟར་ཕྱེ་བ་ཡིན། ཞོགས་པའི་སྐྱ་རེངས་དང་ལྷན་དུ་དད་ལྡན་མང་ཚོགས་དང་འགྲོགས་ནས་བྲག་ཡེར་བ་དགོན་དུ་འབྱོར། དགོན་པ་འདི་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་ཁོང་གི་བཙུན་མོ་མོང་བཟའ་ཁྲི་ལྕམ་ལ་བཞེངས་པའི་སྒྲུབ་ཕུག་ཁྲོད་ཀྱི་གཅིག་ཡིན་པར་མ་ཟད་མི་རབས་འགའི་རིང་རྒྱ་བསྐྱེད་དེ་གྲུབ་པ་ཞིག་ཀྱང་རེད། རིམ་གྱིས་ལོ་ཆེན་བེེ་རོ་ཙ་ན་དང་རྗེ་ཙོང་ཁ་པ་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་ཤིང་། དུས་རབས་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ནང་བསྟན་རྒྱ་ཆེར་སྤེལ་བའི་སྐབས་རྒྱ་གར་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཞིང་སློབ་དཔོན་ཁོང་གིས་སྐྱེས་ཆེན་གྱི་སྒྲུབ་ཕུག་བརྒྱ་དང་བརྒྱད་བཞེངས་སྐྲུན་གནང་། དེ་ནས་བཟུང་གནས་འདི་ནི་གསང་སྔགས་ཀྱི་བསྟན་པ་སྤེལ་སའི་ཁྱད་ལྡན་གནས་མཆོག་དང་རྙིང་མ་པ་དང་དགེ་ལུགས་པ་སོགས་གྲུབ་མཐའ་མང་པོའི་འབྱུང་ཁུངས་སུ་གྱུར། བྲག་ཕུག་མང་པོས་གྲུབ་ཡོད་པ་དང་སྒྲུབ་ཕུག་དང་དགོན་སྡེ་གཞི་གཅིག་ཏུ་འདྲེས་ཡོད་པ་ནི་དགོན་སྡེ་དེའི་ཁྱད་ཆོས་གཙོ་བོ་རེད། གནས་འདི་ནི་རང་བྱུང་ལྷུན་གྱིས་གྲུབ་ཡོད་ལ་རང་བྱུང་དང་མིའི་རིགས་འཆམ་མཐུན་མཉམ་གནས་ཡོང་བའི་ཁྱད་ཆོས་དང་མིའི་རིགས་ཀྱི་བརྩོན་ལེན་བྱེད་པའི་འདུན་མ་གསལ་པོར་མངོན་ཡོད།

མཚུར་ཕུ་དགོན།
        དགུན་དུས་ཀྱི་མཚན་ལམ་ཧ་ཅང་ཐུང་བས་གཉིད་ཐུན་གཅིག་གི་རྗེས་སུ་ཐོ་རངས་བྱ་ཕོའི་སྐད་སྙན་གྱིས་ལྷིང་འཇགས་ཀྱི་ཁོ་ར་ཁོར་ཡུག་གཉིད་ལས་དཀྲོགས་བྱུང་། ཆུ་ཚོད་ལྔའི་སྟེང་དུ་ང་ཚོ་རླངས་འཁོར་ལ་བསྡད་དེ་མཚུར་ཕུ་དགོན་པར་མཇལ་དུ་སོང་། མཚུར་ཕུ་དགོན་པ་ནི་ལྷ་སའི་ནུབ་ཕྱོགས་ཀྱི་མཚུར་ཕུ་གཙང་པོའི་སྟོད་རྒྱུད་དུ་ཆགས་ཡོད་པར་མ་ཟད། ཀརྨ་བཀའ་བརྒྱུད་པའི་གདན་ས་གཙོ་བོ་དང་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ས་ཡིན། དགོན་པའི་འདུ་ཁང་ཆེན་མོའི་ནང་དུ་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རྒྱུ་ཆ་མང་པོ་ཉར་ཡོད། དེ་དག་ནི་འགྲེལ་བཤད་པས་འགྲེལ་བཤད་གནང་བའི་དགོན་སྡེའི་ལོ་རྒྱུས་ཀྱི་ཤེས་བྱ་རགས་ཙམ་ཡིན་ཞིང་། ཧ་ཅང་འཐུས་ཚང་བ་ཞིག་རྒྱུས་ལོན་བྱེད་འདོད་མོད་རྐྱེན་དུ་མའི་དབང་གིས་དེ་ནི་དཀའ་བའི་གནས་སུ་གྱུར། ནམ་ཞིག་དུས་ཚོད་དང་མཐུན་རྐྱེན་འཛོམས་ཚེ་འདི་དག་ལ་ཞིབ་མོར་མཇལ་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེས། ཉིན་ཕྱེད་ཙམ་གྱི་དུས་ཡུན་ནི་ཧ་ཅང་ཐུང་སྟེ་མཚུར་ཕུ་དགོན་པའི་གནས་མཇལ་གྱི་ལམ་སྐབས་རེ་ཞིག་འདི་ལྟར་མཇུག་རྫོགས་སོང་།

དགའ་ལྡན་དགོན་པ།
        ལྷ་སར་འབྱོར་ནས་ཉིན་འགའ་འགོར་རྗེས་ཡུལ་ཆ་མེད་རྒྱུས་མེད་ཡིན་པའི་སྣང་བ་དེ་གཞི་ནས་བོར་འགྲོ། སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ང་ཚོ་དགའ་ལྡན་དགོན་པར་འབྱོར་བྱུང་། དགའ་ལྡན་དགོན་པ་ནི་ལྷ་སའི་གཙང་པོའི་ལྷོ་རྒྱུད་ཀྱི་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་བརྒྱད་བརྒྱ་ཅན་གྱི་ཨ་མགོ་རིའི་འཁྲིས་སུ་ཆགས་ཡོད། ཨ་མགོ་རི་ནི་དམར་ཡག་སྟག་ཅིག་ཉལ་ཡོད་པ་དང་ཀུན་ནས་མཚུངས་ཤིང་།བྲག་རི་ཆེ་ཆུང་མི་འདྲ་བ་བསྣོལ་མར་བསྡེབས་ཏེ་པང་དཀྱིལ་དུ་བླངས་ཡོད་པ་ལས་བོད་ཀྱི་སྲོལ་རྒྱུན་གྱི་དགོན་སྡེའི་འཛུགས་སྐྲུན་ནི་ས་དབྱིབས་ཆགས་ཚུལ་དང་བསྟུན་ཡོད་པའི་ཁྱད་ཆོས་མངོན་ཡོད། དགོན་པ་དེ་ནི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་དགོན་པ་ཞིག་ཡིན་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་སྤྱི་ལོ1409ལོར་སྐུ་དངོས་སུ་ཕྱག་བཏབ་ཅིང་དགེ་ལུགས་པའི་དགོན་སྡེ་ཐོག་མར་གྱུར། དགོན་པ་འདི་དང་འབྲས་སྤུངས། སེ་ར་གསུམ་ལ་སེ་འབྲས་དགེ་གསུམ་ཞེས་སྙན་པའི་གྲགས་པ་འབར། དེར་མ་ཟད་དགའ་ལྡན་དགོན་པ་ནི་སངས་རྒྱས་མར་མེ་མཛད་ཀྱི་གདུལ་ཞིང་ཡིན་པར་ངོས་འཛིན་ལ། རབ་བྱུང་བ་རྣམས་ཀྱིས་ཀྱང་དེར་མཆོད་གནས་གཙོ་བོར་འཛིན། དགའ་ལྡན་གསེར་ཁྲིར་བཀོད་པའི་དགའ་ལྡན་ཁྲི་བ་རྣམས་ཀྱང་གནས་དེ་རུ་ཡུན་རིང་དུ་བཞུགས་སྡོད་གནང་བའི་སྲོལ་ཡོད། དགོན་སྡེའི་ནང་དུ་དགའ་ལྡན་ཁྲི་རབས་དག་གི་མཆོད་རྟེན་བཅུ་ཕྲག་ལྷག་བཞེངས་ཡོད་པར་མ་ཟད་མིང་རྒྱལ་རབས་ནས་ད་བར་གྱི་མཛེས་རྩལ་དག་ཉར་ཚགས་བྱས་ཡོད།

སེ་ར་དགོན།
        མཇལ་སྐོར་གྱི་ཉིན་འདི་དག་གི་རིང་ལ་དུས་ཚོད་ཧ་ཅང་ཐུང་བའི་སྣང་བ་ཞིག་ལས་གཞན། ད་དུང་ས་བབ་མཐོ་བའི་དབང་གིས་ཆད་སྣང་ཞིག་སྐྱེས་ནས་ཡོང་། དེ་རིང་མཇལ་སྐོར་བྱེད་སའི་གནས་ནི་སེ་ར་དགོན་པ་ཡིན་ཏེ། སེ་ར་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་། མཚན་ཡོངས་ལ་ཐེག་པ་ཆེན་པོའི་གནས་མཆོག་སེ་ར་དགོན་ཞེས་གསོལ་ཞིང་། སེ་ར་དགོན་པ་ནི་སེ་འབྲས་དགེ་གསུམ་ལས་བཞེངས་སྐྲུན་གྱི་དུས་ཆེས་འཕྱི་བའི་དགོན་སྡེ་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་གྲས་སུ་བདམས་ཡོད། མཇལ་སྐོར་དུ་ཕྱིན་པའི་དགོན་པ་གཞན་དག་ལྷ་ས་གྲོང་ཁྱེར་དང་བར་ཐག་ཅུང་རིང་ལ། དེ་ལས་འབྲས་སྤུངས་དགོན་པ་ནི་ལྷ་ས་དང་ཐག་ཉེ་བའི་དགོན་སྡེ་ཞིག་ཡིན། ཉིན་གུང་ཆུ་ཚོད་གཉིས་ཡས་མས་ཀྱི་སྟེང་དུ་འབྲས་སྤུངས་སུ་འབྱོར་བྱུང་། དཔལ་ལྡན་འབྲས་སྤུངས་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་ཁུལ་དུ་ཆགས་ཡོད་དེ། རྗེ་ཙོང་ཁ་བའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་སྤྱི་ལོ1416ལོར་ཕྱག་བཏབ། འབྲས་སྤུངས་དགོན་པ་ཡང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དགེ་ལུགས་པའི་དགོན་པ་ཡིན་ཞིང་། ཚོན་མདངས་དཀར་པོ་བྱུགས་ཡོད་པའི་དགོན་སྡེ་དེ་ནི་རི་བོའི་མཐའ་རུ་ཡོད་པས་དེ་ལ་རྒྱང་རིང་ནས་བལྟས་ཚེ་འབྲས་དཀར་པོའི་རི་རབ་བརྩིགས་པ་དང་གཉིས་སུ་མེད། འབྲས་སྤུངས་ཞེས་པའི་མིང་ཡང་དེ་ལས་བྱུང་བ་རེད། ཡང་ན་ལོ་ལེགས་བྱུང་བ་དང་འབྲས་བཟང་སྨིན་པའི་མཚོན་རྟགས་ཀྱང་ཡོད་པར་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1