༄༅།། ཁུ་བ་ནད་འགྱུར་ཅན་འབྱུང་བའི་རྒྱུ་རྐྱེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-25



        ཁུ་བ་ནད་འགྱུར་ཅན་འབྱུང་བའི་རྒྱུ་རྐྱེན། ཉེ་བའི་ལོ་འདི་འགར། ཁོར་ཡུག་ལ་སྦགས་བཙོག་ཐེབས་པ་དང་འཚོ་བའི་གོམ་འགྲོས་མགྱོགས་པ། སྤྱི་ཚོགས་ཀྱི་གནོན་ཤུགས་ཆེ་བ་སོགས་ཀྱི་དབང་གིས། སྐྱེས་པ་རྣམས་ཀྱི་ཁུ་བའི་སྤུས་ཀ་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད། རྒྱུན་ལྡན་གྱི་ཁུ་བའི་རྣམ་པ་ལས4%ཡིས་ཆུང་ན། ནད་ཐོག་ལག་ལེན་སྟེང་དེ་ལ་ཁུ་བ་ནད་འགྱུར་ཅན་ཞེས་སུ་འབོད་པས། རང་བཞིན་གྱིས་མངལ་ཆགས་པའི་ཚད་ཐད་ཀར་ཇེ་དམའ་རུ་འགྲོ་བ་ཡིན་པས། དེ་ནི་མངལ་མི་ཆགས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། དྲན་སྐུལ་བྱེད་རྒྱུ་ཞིག་ནི་གཤམ་གྱི་བྱ་སྤྱོད་འདི་དག་ནི་ཁུ་བ་ནད་འགྱུར་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་གཟབ་གཟབ་བྱེད་དགོས། 

        གཅིག ཆང་འཐུང་བ། རྒྱུན་དུ་ཆང་འཐུང་ན་ཆང་བཅུད་དེ་མིའི་ལུས་སྟེང་དུ་བསགས་ཏེ།དལ་གཤིས་ཆང་དུག་ཕོག་པའི་ནད་རྟགས་འབྱུང་སླ་བ་དང་།ནད་རྟགས་འདིའི་རིགས་རྒྱུན་མཐུད་དེ་བྱུང་ན་རླིག་འབྲས་ལ་གནོད་འཚེ་ཐེབས་ཏེ།ཁུ་བའི་སྤུས་ཀ་ཇེ་དམའ་རུ་འགྲོ་བ་རེད། ཆང་འཐུང་བ་ལས་བྱུང་བའི་ཆང་དུག་ཕོག་པ་ཡིས་ཁུ་བའི་གསོན་ཤུགས་ཇེ་དམའ་རུ་གཏོང་བར་མ་ཟད།ཁུ་བ་ནད་འགྱུར་ཅན་གྱི་ཚད་ཇེ་མཐོར་གཏོང་བ་དང་།ཚབས་ཆེ་ན་ད་རུང་ཁུ་བ་གསོད་པའི་གནས་ཚུལ་འབྱུང་བ་རེད།རླིག་འབྲས་ལ་གནོད་འཚེ་ཐེབས་ན་ནང་གི་ཟགས་ཐོན་རྙོག་འགྲོ་བ་དང་། དུས་མཚུངས་སུ་འདོད་ཆགས་མེད་པ་དང་རོ་ཙ་ཉམས་པ།ཁུ་བ་སྔ་ཤོར་སོགས་འཁྲིག་སྤྱོད་རྒྱུན་ལྡན་མིན་པའི་གནས་ཚུལ་འབྱུང་སྲིད། 

        གཉིས། ཐ་མག་འཐེན་པ། ཐ་མག་གི་ནང་དུ་བ་ཚྭ་མང་པོ་འདུས་པ་དང་།བ་ཚྭས་ཁུ་བའི་རྣམ་པ་དང་གྲངས་འབོར། གསོན་ཤུགས་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད།གཞན་ད་རུང་དུས་ཡུན་རིང་པོར་ཐ་མག་འཐེན་ན་ཁྲག་རྩ་འགག་པ་དང་འཕར་རྩ་སྲ་འགྱུར་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་ལ། ཕོ་མཚན་གྱི་སྟེང་དུ་ཁྲག་རྩ་ཕྲ་མོ་མང་པོ་ཡོད་པས།ཁྲག་རྩ་དེ་དག་ལ་གནོད་འཚེ་ཐེབས་རྗེས། ཕོ་མཚན་རྒྱས་པ་དང་མཁྲེགས་པོར་འགྱུར་བ། ནུས་པ་ཡུན་རིང་བསྲིང་བ་བཅས་ལ་གནོད་པ་ཆེན་པོ་ཐེབས་སྲིད། 

        གསུམ། འཚོ་བཅུད་ཀྱིས་མི་འདང་བ། ཁུ་བ་འབྱུང་བ་དང་སྨིན་པར་འབྲེལ་བ་ཡོད་པའི་ཚད་ཉུང་མ་རྒྱུའི་ཁྲོད་ཏི་ཚ་དང་སེ་ནི་ཆེས་གལ་ཆེན་ཡིན་པས།ལུས་སྟེང་དུ་ཏི་ཚ་དང་སེ་མི་འདང་བའི་སྐབས་སུ།ཀླད་ཞབས་འཕྱང་འཕྲུལ་གཟུགས་ཀྱི་ཟགས་ཐོན་གྱིས་སྐྱེ་འཕེལ་གཤེར་རྨེན་སྐུལ་རྩིའི་བྱེད་ནུས་དང་རླིག་འབྲས་ཀྱི་ཁུ་འབྱུང་བྱེད་ནུས། མདུན་ཆགས་རྨེན་བུའི་གྲུབ་ཚུལ་དང་བྱེད་ནུས་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་།ཁུ་བ་འབྱུང་བའི་ཚད་ཇེ་དམའ་རུ་འགྲོ་བར་མ་ཟད།གསོན་ཤུགས་ཇེ་ཆུང་དང་།ཐ་ན་ཁུ་བ་ནད་འགྱུར་ཅན་དུ་འགྱུར་བའི་ཉེན་ཁའང་ཇེ་མཐོར་འགྲོ་བ་རེད། 

        བཞི་པ། ཚ་དྲོད་ཆེ་བ། རླིག་འབྲས་ལས་ཁུ་བ་འབྱུང་ཞིང་།རླིག་རིལ་ཟུར་མ་ལས་ཁུ་བ་འཚར་ཞིང་སྨིན་བཞིན་ཡོད། རླིག་འབྲས་ཚ་དྲོད་ལ་སྐྲག་པས།སྤུས་བཟང་ཁུ་བ་འབྱུང་འདོད་ན།ཏུའུ35ནས36གི་འོས་འཚམ་གྱི་དྲོད་ཚད་ནང་འདུག་དགོས།དབྱར་ཁར་མཚམས་ལན་རེར་རླིག་འབྲས་འཁྱགས་པ་འཁྱགས་པ་ཞིག་ཡིན་པའི་སྣང་བ་སྟེར་ལ།དེ་ནི་རླིག་འབྲས་ཀྱི་དྲོད་ཚད་སྤྱིར་བཏང་གིས་རྒྱུན་ལྡན་གྱི་ལུས་དྲོད་ལས་ཏུའུ1ནས2ཡིས་དམའ་བས་རེད།རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་གསང་སྒྲོའི་དྲོད་ཚད་ཇེ་མཐོར་སོང་བའི་སྐབས་སུ། ཁུ་བ་འཚར་ལོངས་འབྱུང་བར་གནོད་འཚེ་ཐེབས་པ་དང་།དུས་རྒྱུན་དུ་ལུས་འབྱར་ནང་གོས་གྱོན་པ་དང་ཙོག་ཡུན་རིང་བ། ཆུ་ཚ་མོས་ཁྲུས་བྱེད་པ། ཚ་དྲོད་མཐོ་བའི་ཁོར་ཡུག་ཏུ་བྱ་བ་བསྒྲུབ་པ་སོགས་ཀྱིས་ཁུ་བ་འབྱུང་བར་གནོད་འཚེ་ཐེབས་སྲིད། 

        ལྔ་པ། སྡོད་རྩ་རྒྱས་འཁུམ། སྡོད་རྩ་རྒྱས་འཁུམ་གྱིས་རླིག་འབྲས་ཀྱི་འཁོར་རྒྱུག་ཕྲ་མོར་གནོད་པ་ཐེབས་པ་དང་དུག་ལྡན་དངོས་པོ་གསོག་འཇོག་བྱེད་དུ་བཅུག་སྟེ།ཁུ་བའི་སྤུས་ཀ་ཇེ་དམའ་རུ་གཏོང་སྲིད་པ་དང་། དེ་ནི་མངལ་མི་ཆགས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།དེས་སྐྱེས་པའི་ཁུ་བ་འབྱུང་བར་གནོད་འཚེ་ཐེབས་པ་དང་ཁུ་བའི་གསོན་ཤུགས་ཇེ་དམའ་རུ་གཏོང་བར་མ་ཟད།ཁུ་བའི་རྣམ་པའི་སྟེང་ནས་མི་སྨིན་པ་དང་ནད་འགྱུར་ཅན་གྱི་ཚད་ཇེ་མཐོར་གཏོང་བ་རེད། དྲུག་པ།གཅིན་ཟགས་དང་སྐྱེ་འཕེལ་མ་ལག་རེད་པ། སྐྱེས་པའི་གཅིན་ཟགས་དང་སྐྱེ་འཕེལ་མ་ལག་རེད་པ་དེ་ཡང་ཁུ་བ་ནད་འགྱུར་ཅན་འབྱུང་བའི་རྒྱུ་རྐྱེན་ནང་གི་གཅིག་རེད། རྒྱུན་མཐོང་གི་ཁུ་བ་ནད་འགྱུར་ཅན་དུ་འགྱུར་བའི་རེད་པ་ལ་མདུན་ཆགས་རྨེན་བུའི་གཉན་ཚད་དང་གཅིན་ལམ་གཉན་ཚད། རླིག་འབྲས་གཉན་ཚད། རླིག་ཟུར་གཉན་ཚད་སོགས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1