སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་སྐྱོད་པ།

རམས་ཚེ་བྷོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་ཏང་ཡོངས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་དམ་འཛིན་ལ་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད། འདི་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལེགས་འགྲུབ་ཀྱི་ཉམས་མྱོང་ཞིག་ཡིན། དཀྱོགས་མཚམས་གལ་ཆེན་རེ་རེའི་སྐབས་སུ། གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས་ང་ཚོའི་ཏང་གིས་དུས་རྒྱུན་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོར་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པའི་འབོད་སྐུལ་བཏང་ཡོད་པ་དང་། དེ་ལྟ་བུའི་སློབ་སྦྱོང་གི་ཚ་རླབས་རེ་རེས་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ཆེན་པོ་དང་ཡར་ཐོན་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། བཅོས་སྒྱུར་སྒོ་འབྱེད་མགོ་ཚུགས་མ་ཐག་པའི་དུས་སུ་ཏང་ཀྲུང་དབྱང་གིས་དེང་རབས་ཅན་བཞི་མངོན་འགྱུར་བྱ་རྒྱུ་ནི་གཏིང་ཟབ་ཅིང་རླབས་ཆེ་བའི་གསར་བརྗེ་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད། རླབས་ཆེ་བའི་གསར་བརྗེ་འདིའི་ནང་དུ། ང་ཚོས་འགལ་བ་གསར་བར་མུ་མཐུད་ཐག་གཅོད་བྱེད་བཞིན་མདུན་སྐྱོད་བྱས་པ་ཡིན། དེ་བས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་མཁས་པོ་དང་།ཡང་ནས་ཡང་དུ་སློབ་སྦྱོང་བྱེད་མཁས་པོ་བྱེད་དགོས། སྔོན་ཆད་དང་བསྡུར་ན། ང་ཚོའི་ད་ལྟའི་སློབ་སྦྱོང་གི་ལས་འགན་ཇེ་ཡང་དུ་སོང་མེད་པར་སྔར་ལས་ཇེ་ལྗིད་དུ་སོང་ཡོད། འདི་ནི་ང་ཚོར་ཐུག་པའི་གནས་བབ་དང་ལས་འགན་གྱིས་ཐག་བཅད་པ་ཞིག་རེད།

ད་ལྟ། ཏང་ཡོངས་ཀྱི་མདུན་དུ་ལྷགས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ནི། རང་རྒྱལ་གོང་འཕེལ་བྱུང་རྗེས་སུ་བསྟུད་མར་ཐོན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་རྣམས་ལ་ཇི་ལྟར་ངོས་འཛིན་ཡང་དག་དང་ཐག་གཅོད་འོས་འཚམ་བྱ་རྒྱུ་དེ་ཡིན། ད་ལྟ་ང་ཚོར་འཕྲད་པའི་གནད་དོན་གྱི་ནང་དུ་ལ་ལ་ཞིག་ནི་གནད་དོན་རྙིང་བའམ། ཡང་ན་ང་ཚོས་ཡུན་རིང་འབད་བརྩོན་གྱིས་ཐག་གཅོད་བྱས་ཀྱང་ད་དུང་ཐག་མ་ཆོད་པའི་གནད་དོན་ཡིན་པ་དང་། ཡང་ན་མངོན་སྟངས་གསར་བ་ལྡན་པའི་གནད་དོན་རྙིང་བ་ཡིན། ཡིན་ཡང་མང་ཆེ་བ་ནི་གསར་དུ་བྱུང་བའི་གནད་དོན་ཡིན། གནད་དོན་གསར་བ་ནི་དུས་དང་རྣམ་པ་ཀུན་ཏུ་འབྱུང་བཞིན་ཡོད་ལ། དེ་དག་ལས་མང་ཆེ་ཤོས་ནི་ང་ཚོར་སྔོན་ལ་ཆ་རྒྱུས་མེད་པ་དང་ཡང་ན་ཆ་རྒྱུས་དེ་ཙམ་མེད་པའི་གནད་དོན་དག་རེད། འདི་ལྟ་བུ་བྱུང་དོན་ནི་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་གོང་འཕེལ་དང་འགྱུར་ལྡོག་ལས་བྱུང་བ་ཞིག་རེད། གནད་དོན་གསར་བ་དང་རྙིང་བ་གང་ཡིན་པ་དང་། ཡང་ན་ཡུན་རིང་ལ་གནས་པའི་གནད་དོན་རྙིང་བ་དང་མངོན་སྟངས་འགྱུར་བའི་གནད་དོན་རྙིང་བ་གང་ཡིན་རུང་། དེ་དག་ལ་ངོས་འཛིན་ཡག་པོ་དང་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ལམ་ཉག་གཅིག་ནི་ང་ཚོ་རང་ཉིད་ཀྱི་འཇོན་ནུས་ཆེ་རུ་གཏོང་རྒྱུ་དེ་ཡིན། འཇོན་ནུས་ཆེ་རུ་གཏོང་དགོས་ན་སློབ་སྦྱོང་ལ་ཤུགས་རྒྱག་དགོས། སྦྱངས་ནས་ཁོང་དུ་ཆུད་པའི་ཤེས་བྱ་ལག་ལེན་དུ་བཀོལ་དགོས་ལ། ལག་ལེན་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ནུས་གསར་བའང་བསྐྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་ཁག་མངོན་འགྱུར་བྱེད་པ་དང་། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་འཇལ་བ། བཅོས་སྒྱུར་གོང་སྤེལ་གཏན་འཇགས་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་པ། ཕྱོགས་སོ་སོའི་ལས་ཀ་ལེགས་པོ་སྒྲུབ་པ་བཅས་ཀྱིས་ང་ཚོའི་འཇོན་ནུས་ལ་བླང་བྱ་གསར་བ་བཏོན་ཡོད། ང་ཚོའི་ཏང་ཉིད་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མར་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལ་འཕྲད་མྱོང་ཡོད་ལ། ང་ཚོའི་བྱ་གཞག་ལེགས་འགྲུབ་བྱུང་བ་ཚང་མ་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དང་དཀའ་སྤྱད་འབད་བརྩོན་བརྒྱུད་ནས་བྱུང་བ་རེད། ང་ཚོའི་བྱ་གཞག་ཐགས་ཐོགས་གང་ཡང་མེད་པར་སྐུལ་འདེད་གཏོང་འདོད་པ་དང་། ང་ཚོའི་འབད་བརྩོན་གྱི་དམིགས་འབེན་གེགས་བར་གང་ཡང་མེད་པར་མངོན་འགྱུར་བྱེད་འདོད་པ་དེ་ནི་དཔེ་མི་སྲིད་པ་རེད། ང་ཚོས་སྔོན་དཔག་བྱེད་ཐུབ་པ་ཞིག་ལ། མ་འོངས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ཕྱོགས་གང་ཐད་ཀྱི་དཀའ་ངལ་དང་། ཉེན་ཁ། འགྲན་སློང་བཅས་རྒྱུན་མི་ཆད་པར་ད་དུང་འབྱུང་སྲིད་པས། གནད་འགག་ནི་ང་ཚོར་དེ་དག་ཁྱད་གསོད་བྱེད་པ་དང་།དེ་དག་ལས་རྣམ་པར་རྒྱལ་བ། དེ་དག་ཁ་ལོ་བསྒྱུར་བ་བཅས་ཀྱི་འཇོན་ནུས་ཡོད་མེད་ལ་བལྟ་དགོས།

སྤྱིའི་ཆ་ནས་བལྟས་ན། ད་ལྟའི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་བསྡུར་ན། ང་ཚོའི་འཇོན་ནུས་ལ་མཐུན་པའི་ཕྱོགས་དེ་ལ་མི་མཐུན་པའི་ཆའང་ཡོད། ལྷག་པར་དུ་གནས་བབ་དང་ལས་འགན་མུ་མཐུད་གོང་འཕེལ་འགྲོ་བ་དང་བསྟུན་ནས། ང་ཚོའི་མཐུན་པའི་ཕྱོགས་དེ་མར་ཆག་བཞིན་ཡོད་ཅིང་མི་མཐུན་པའི་ཆ་དེ་ཡར་འཕར་བཞིན་ཡོད། གལ་སྲིད་དུས་ཚོད་དམ་འཛིན་གྱིས་འཇོན་ནུས་ཆེ་རུ་བསྐྱེད་མ་ཐུབ་པར་ཡུན་རིང་འགོར་ཚེ། ང་ཚོས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པའི་ལས་འགན་ལྗིད་པོ་འཁུར་དཀའ་བ་རེད། ཡན་ཨན་དུས་སྐབས་སུའང་ང་ཚོའི་ཏང་གིས“འཇོན་ནུས་དངངས་སྐྲག”ཅེས་པའི་གནད་དོན་ལ་མཉམ་འཇོག་བྱས། སྐབས་དེར། ཏང་ཀྲུང་དབྱང་གིས་གསལ་བོར་བསྟན་དོན། ང་ཚོའི་དཔུང་སྡེའི་ནང་དུ་དངངས་སྐྲག་ཅིག་ཡོད་པ་ནི་དཔལ་འབྱོར་གྱི་དངངས་སྐྲག་མ་ཡིན་ལ་ཆབ་སྲིད་ཀྱི་དངངས་སྐྲག་ཀྱང་མིིན་པར། དེ་ནི་འཇོན་ནུས་ཀྱི་དངངས་སྐྲག་རེད། སྔོན་ཆད་སྦྱངས་པའི་འཇོན་ནུས་ཆུང་ཆུང་ཙམ་ལས་མེད་པས། དེ་རིང་ཁ་ཤས་སྤྱད་པ་དང་སང་ཉིན་ཁ་ཤས་སྤྱད་ཚེ་རིམ་བཞིན་མེད་འགྲོ་བ་རེད། ད་ལྟ་ང་ཚོར་ཡང་རྣམ་པ་འདི་ལྟ་བུ་འཕྲད་ཡོད་དམ་ཞེ་ན། ངས་བལྟས་ན་འཕྲད་ཡོད། བློ་མཐུན་མང་པོ་ཞིག་ལ་ལས་ཀ་ལེགས་པོ་སྒྲུབ་པའི་འདུན་པ་རྣལ་མ་ཡོད་ལ་ངར་ཤུགས་ཀྱང་ཡོད་མོད། འོན་ཀྱང་གནས་བབ་གསར་བའི་འོག་ལས་ཀ་ཡག་པོ་སྒྲུབ་ཐུབ་པའི་འཇོན་ནུས་མེད། གནས་བབ་གསར་བ་དང་གནད་དོན་གསར་བའི་མདུན་དུ། ཆོས་ཉིད་མི་རྟོགས་པ་དང་། སྒོ་ལམ་མི་ཤེས་པ། ཤེས་ཡོན་མི་འདང་བ། འཇོན་ནུས་ཞན་པ་བཅས་ཀྱི་དབང་གིས་སྔར་བཞིན་བསམ་ཕྱོགས་རྙིང་བ་དང་རིགས་ལམ་རྙིང་བ་སྤྱད་དེ་ཁ་གཏད་འཇལ་རྒྱུར་གོམས་ནས་ཧོད་རྒྱུག་ལོང་མཆོང་གིས་སྒྲུབ་བཞིན་ཡོད་ལ། དེའི་མཇུག་འབྲས་ནི་ལས་ཀ་བསྒྲུབས་ཡོད་པ་དང། སྐབས་འགར་དཀའ་སྡུག་ཀྱང་མང་པོ་མྱངས་ཡོད་ཀྱང་རུང། འོན་ཀྱང་ཐབས་ལམ་མི་འགྲིག་པས་དོན་དངོས་དང་འགལ་བ། ཐ་ན་ཁ་ཕྱོགས་ལོག་པའི་དོན་དག་ཁ་ཤས་སྒྲུབ་ཡོང་ངེས། དེ་ལ་ཐབས་ཇུས་གསར་བ་སྤྱོད་མི་ཤེས་པ་དང་།ཐབས་ཇུས་རྙིང་བས་གོ་མི་ཆོད་པ། ཐབས་ཇུས་དྲག་པོ་སྤྱོད་མི་ཕོད་པ། ཐབས་ཇུས་འཇམ་པོས་རྔོ་མི་ཐོགས་པ་ཞེས་ཟེར། ངས་བལྟས་ན་གནས་ཚུལ་འདིའི་རིགས་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་དང་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་གནས་འདུག། དེའི་ཕྱིར། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་ཚང་མར་འཇོན་ནུས་མི་འདང་བའི་ཉེན་ཁ་དྲན་པའི་འདུ་ཤེས་ཡོད་དགོས་ལ། ཚང་མས་འཇོན་ནུས་ཆེ་རུ་བསྐྱེད་པར་འབད་བརྩོན་བྱེད་དགོས་ལ། ཚང་མས་དུས་དང་རྣམ་པ་ཀུན་ཏུ་འཇོན་ནུས་ཆེ་རུ་བསྐྱེད་དགོས། དེ་ཡང་ཏང་ཡོངས་ཀྱི་འཇོན་ནུས་མུ་མཐུད་དུ་ཆེ་རུ་བསྐྱེད་ཚེ“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་གྱི་དམིགས་འབེན་ད་གཟོད་གཞི་ནས་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གཞི་ནས་འགྲུབ་ཐུབ།

འཇོན་ནུས་ནི་ལྷན་སྐྱེས་སུ་གྲུབ་པ་ཞིག་མིན་པར། སློབ་སྦྱོང་དང་ལག་ལེན་བརྒྱུད་ནས་ཐོབ་པ་ཞིག་ཡིན། དེང་གི་དུས་འདིར། ཤེས་བྱ་རྙིང་ཚབ་གསར་བརྗེ་བྱེད་པའི་དུས་སྐབས་ཇེ་ཐུང་དུ་སོང་ཡོད་ལ། ཤེས་བྱ་གསར་བ་དང་། གསར་ཚུལ་གསར་བ། བྱ་དངོས་གསར་བ་སྣ་ཚོགས་ཆར་རྗེས་ཀྱི་མྱུ་གུ་ལྟར་ཐོན་བཞིན་ཡོད། འགའ་ཞིག་གི་ཞིབ་འཇུག་ལྟར་ན། དུས་རབས18པའི་ཡར་སྔོན་དུ། ཤེས་བྱ་རྙིང་ཚབ་གསར་བརྗེ་བྱེད་པའི་མྱུར་ཚད་ལོ90ཡས་མས་རིང་ལ་ལྡབ་གཅིག་རེ་འཕར་བཞིན་ཡོད་པ་དང་།དུས་རབས20བའི་ལོ་རབས90པ་ནས་བཟུང་། ཤེས་བྱ་རྙིང་ཚབ་གསར་རྗེའི་མྱུར་ཚད་ལོ3ནས་ལོ5ཡི་རིང་ལ་ལྡབ་གཅིག་རེ་འཕར་བཞིན་ཡོད། ཉེ་བའི་ལོ50ཡི་རིང་། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་བྱ་ནི་ལོ་ངོ3000ལྷག་ཡར་སྔོན་གྱི་བསྡོམས་འབོར་ལས་ཀྱང་མང་ངོ་། ། ད་དུང་མི་ལ་ལས་བཤད་སྒྲོས་ལ། ཞིང་རྨོ་བའི་དུས་རབས་སུ། མི་ཞིག་གིས་ལོ་འགར་སློབ་སྦྱོང་བྱས་པའི་ཤེས་བྱ་དེ་མི་ཚེ་གང་བོར་འདང་བ་དང་། བཟོ་ལས་དཔལ་འབྱོར་གྱི་དུས་རབས་སུ། མི་ཞིག་གིས་ལོ་བཅུ་ཕྲག་འགར་སློབ་སྦྱོང་བྱས་པའི་ཤེས་བྱ་ད་གཟོད་མི་ཚེ་གང་བོར་འདང་བ་སྟེ། ཤེས་བྱའི་དཔལ་འབྱོར་གྱི་དུས་རབས་སུ་ལྷགས་པ་ན། མི་ཞིག་གིས་མི་ཚེ་གང་བོར་སློབ་སྦྱོང་བྱས་ན་ད་གཟོད་དུས་རབས་མདུན་སྐྱོད་ཀྱི་གོམ་པའི་རྗེས་ཟིན་ཐུབ་པ་རེད། གལ་སྲིད་ང་ཚོས་ཕྱོགས་གང་ཅིའི་ཤེས་བྱ་ཡོན་ཏན་གྱི་བྱང་ཚད་འབད་བརྩོན་གྱིས་གོང་མཐོར་མི་གཏོང་བ་དང་། རང་རྟོགས་ཀྱིས་ཚན་རིག་རིག་གནས་ཀྱི་ཤེས་བྱ་སྣ་ཚོགས་སློབ་སྦྱོང་མི་བྱེད་པ། མ་སྐུལ་དང་བླངས་ཀྱིས་ཤེས་བྱ་རྙིང་ཚབ་གསར་བརྗེ་མགྱོགས་པོ་དང་། ཤེས་བྱའི་གྲུབ་ཆ་ཇེ་ལེགས་གཏོང་བ། མཐོང་རྒྱ་ཤེས་རྒྱ་ཆེར་བསྐྱེད་བཅས་མི་བྱེད་པ་ཡིན་ན། འཇོན་ནུས་ཆེ་རུ་བསྐྱེད་མི་ཐུབ་ལ། རང་འགུལ་དང་ལེགས་ཆ་དང་མ་འོངས་པ་བཅས་ཀྱང་ཐོབ་ཐབས་བྲལ། དེའི་ཕྱིར། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་ཚང་མས་སློབ་སྦྱོང་ལ་ཤུགས་རྒྱག་པའི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་དགོས།

ཏག་ཏག་འདི་ལྟ་བུའི་འཐབ་ཇུས་ཀྱི་མཐོ་སར་གཞི་བཙུགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་ཀྱི་མར་ཁེ་སིི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་དགོས་པའི་ལས་འགན་གལ་ཆེན་བཏོན་ཡོད། སློབ་སྦྱོང་ཅན་ཨང་དང་པོར་བཞག་པའི་རྒྱུ་མཚན་ནི། སློབ་སྦྱོང་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་།སློབ་སྦྱོང་ཡག་པོ་བྱས་ན་ད་གཟོད་ཞབས་ཞུ་ཡག་པོ་བསྒྲུབ་ཐུབ་ལ། སློབ་སྦྱོང་ཡག་པོ་བྱས་ན་ད་གཟོད་གསར་གཏོད་བྱེད་ཐུབ་པས་ཡིན། ང་ཚོ་ཚང་མ་མགོ་ཁྲིད་ལས་བྱེད་པ་ཡིན་ཙ་ན། ཚང་མས་ཏང་དང་མི་དམངས་ཀྱིས་བཅོལ་བའི་འགན་འཁྲི་འཁུར་ཡོད་པས། རྒྱུན་ཆད་མེད་པར་རང་ཉིད་མཐོ་རུ་འདེགས་པ་དང་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཧུར་ཐག་འབད་ཐག་གིས་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། རྒྱུན་ཆད་མེད་པར་ལས་དོན་སྒྲུབ་པའི་ཆུ་ཚད་དང་སྤུས་ཀ་མཐོ་རུ་འདེགས་དགོས། ཕྱོགས་འདི་ནས་བཤད་ན། མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་མིན་དེ་རང་གཅིག་པུའི་དོན་དག་ཅིག་མ་ཡིན་ལ། འཇོན་ནུས་ཆེ་ཆུང་དེའང་རང་ཉིད་ཁོ་ནའི་དོན་དག་ཅིག་མ་ཡིན་པར། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་དོན་དག་ཆེན་པོ་ཞིག་རེད། འདི་ནི་གནའ་མིས“མཁས་པས་དཔོན་གནས་འཛིན་པ་མ་ངེས་ཀྱང་། ། དཔོན་པོ་རིག་པའི་གནས་ལ་མཁས་པ་གཅེས། །”ཞེས་གསུངས་པ་ནང་བཞིན་རེད། སློབ་སྦྱོང་ལ་ཤུགས་བརྒྱབ་པའི་ཚེ་ན། ད་གཟོད་ལས་ཀའི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྔོན་དཔོག་ཐུབ་པའི་རང་བཞིན། རང་འགུལ་རང་བཞིན་བཅས་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། ད་གཟོད་མགོ་ཁྲིད་དང་ཐབས་ཇུས་ལ་དུས་རབས་ཀྱི་རང་བཞིན་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཟིན་པ། གསར་གཏོད་ཀྱི་རང་བཞིན་ཆེ་བ་བཅས་ཡོང་ཐུབ་པ་དང་། ཤེས་པ་ཉུང་བས་འཐོམ་པ་དང་། མི་ཤེས་པས་རྨོངས་པ། ཤེས་པ་ཞན་པས་ཉོག་པ་བཅས་ལས་བཟློག་ཐུབ་ལ། ད་གཟོད་འཇོན་ནུས་ཀྱིས་མི་འདང་བ་དང་། འཇོན་ནུས་དངངས་སྐྲག། འཇོན་ནུས་རྗེས་སུ་ལུས་པ་བཅས་ཀྱི་གནད་དོན་ཁྱད་གསོད་བྱེད་ཐུབ། དེ་ལས་ལྡོག་ན།“དམུས་ལོང་རྟ་ཞར་ལ་བཞོན་ནས། ། མཚན་ཕྱེད་རྫིང་བུའི་ནང་དུ་བསྐྱོད། །”ཅེས་པའི་དཔེ་ལྟར། སྙིང་སྟོབས་ཆེན་པོ་ཡོད་ཀྱང་རུང་ཧོལ་རྒྱུག་ངང་སྤྱོད་མི་རུང་སྟེ། ལས་ཀའི་ཕྱོགས་སུ་རྣམ་པ་གསར་བ་གཏོད་མི་ཐུབ་པར་མ་ཟད། ད་དུང་མགོ་འཐོམ་པ་དང་དུས་རབས་ཀྱི་རྗེས་སུ་ལུས་པའི་ཉེན་ཁ་འབྱུང་སྲིད།

ང་ཚོས་དོན་གཉེར་བྱེད་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་རླབས་ཆེ་ཞིང་ཟིལ་རླབས་དགུང་དུ་འཕྱུར་བ་ཞིག་ཡིན་ལ། སྔོན་རབས་པས་བསྒྲུབས་མྱོང་མེད་པ་ཞིག་ཀྱང་ཡིན། དེ་བས། ང་ཚོའི་སློབ་སྦྱོང་ནི་ཡོངས་ཁྱབ་དང་། མ་ལག་ལྡན་པ། འཚོལ་ཞིབ་ཀྱི་སྙིང་སྟོབས་ལྡན་པ་བཅས་ཡིན་དགོས་ཏེ། སློབ་སྦྱོང་གི་གཙོ་གནད་ཟིན་དགོས་ལ་སློབ་སྦྱོང་གི་ཁྱབ་ཁོངས་རྒྱ་བསྐྱེད་ཀྱང་གཏོང་དགོས་པ་དང་། དཔེ་ཆ་ལས་སློབ་སྦྱོང་བྱེད་དགོས་ལ། ལག་ལེན་ལས་ཀྱང་སློབ་སྦྱོང་བྱེད་དགོས། མི་དམངས་མང་ཚོགས་དང་ཆེད་ལས་མཁས་དབང་ལ་སློབ་སྦྱོང་བྱེད་པ་དང། ཕྱི་རྒྱལ་གྱི་ཕན་ཐོགས་ཡོད་པའི་ཉམས་མྱོང་ལའང་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ལ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་ཡོད་ལ། ལག་ལེན་གྱི་ཤེས་བྱའི་སློབ་སྦྱོང་ཡང་ཡོད།

ཐོག་མར་མར་ཁེ་སིི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་བྱེད་དགོས། འདི་ནི་ང་ཚོས་ལས་ཀ་ཐམས་ཅད་ལེགས་པོར་བསྒྲུབ་ཐུབ་པའི་གཞི་སྲུང་འཇོན་ནུས་ཀྱང་ཡིན། བློ་མཐུན་མའོ་ཙེ་ཏུང་གིས།“ང་ཚོའི་ཏང་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་ཐར་ཐོར་མིན་པར་བརྒྱུད་རིམ་ལྡན་པ་ཞིག་ཤེས་མཁན་དང་། སྟོང་བཤད་མིན་པར་དོན་ཐོག་ཏུ་འཁྱོལ་བ་ཞིག་ཤེས་པའི་བློ་མཐུན་བརྒྱ་ནས་ཉིས་བརྒྱ་ཞིག་ཡོད་ཚེ། ང་ཚོའི་ཏང་གི་འཐབ་འཛིང་གི་སྟོབས་ཤུགས་ཆེས་ཆེར་འགྲོ་ཐུབ།”ཅེས་གསུངས་ཡོད། ལས་འགན་འདི་ད་ལྟའང་སྔར་བཞིན་ང་ཚོའི་མདུན་དུ་མངོན་སུམ་དུ་ལྷགས་ཡོད། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཁོང་དུ་ཆུད་པ་དང་། ལྷག་པར་དུ་དེའི་ནང་ཡོངས་ཁྱབ་ཏུ་བསྟར་བའི་མར་ཁེ་སིི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་ཚུལ། བྱེད་ཐབས་བཅས་ཤེས་རྟོགས་བྱུང་ན། ད་གཟོད་སེམས་གསལ་མིག་གསལ་ཡིན་པ་དང་། ད་གཟོད་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་གོང་འཕེལ་ཆོས་ཉིད་བཅས་ངོས་འཛིན་ཟབ་མོ་དང་ཡང་དག་པར་ཁོང་དུ་ཆུད་ཐུབ་པ། ད་གཟོད་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་འཆང་ཐུབ་པ། ད་གཟོད་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཚན་རིག་དང་མཐུན་པའི་མཛུབ་སྟོན་བསམ་བློ་དང་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཐུབ་པ། ད་གཟོད་མི་དམངས་ཀྱི་སྣེ་ཁྲིད་དེ་བགྲོད་ལམ་ཡང་དག་པར་སྐྱོད་ཐུབ་པ། ད་གཟོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་ཐུབ་པ་རེད།

ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་པ་འདི་ནི་མགོ་ཁྲིད་ལས་བྱེད་པས་ལས་ཀ་སྤེལ་དུས་བྱེད་དགོས་ངེས་ཀྱི་གཞི་རྩའི་གྲ་སྒྲིག་ཡིན་ལ། ཆབ་སྲིད་ཀྱི་བྱང་ཚད་གལ་ཆེན་ཞིག་ཀྱང་རེད། འདི་དག་ཁོང་དུ་མ་ཆུད་ན། ཁྱེད་ཀྱིས་གཞི་གང་ཞིག་ལ་བརྟེན་ནས་ཇུས་ཐག་གཅོད་པ་དང་གནད་དོན་ཐག་གཅོད་བྱེད་དམ། དེར་མ་ཟད་ལས་ཀའི་ཁྲོད་ནོར་འཛོལ་འདྲ་མིན་སྣ་ཚོགས་ཀྱང་འབྱུང་སྲིད། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་ཚོས་ད་དུང་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ནན་མོ་བྱེད་དགོས། ལོ་རྒྱུས་ཤེས་ན་ཏང་ལ་དགའ་ཞེན་ཡོད་པ་དང། ལོ་རྒྱུས་ཤེས་ན་རྒྱལ་ཁབ་ལ་དགའ་ཞེན་ཡོད་ངེས། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འབྱུང་ལུགས་དང་འབྱུང་སྟངས་ལ་རྒྱུས་ལོན་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་དོན་རྐྱེན་ཆེན་པོ་དང་མི་སྣ་གཙོ་བོ་ལ་རྒྱུས་ལོན་ཡང་དག་པ་བཅས་བྱེད་དགོས། འདི་ནི་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ངོས་འཛིན་ཡང་དག་པ་བྱེད་པར་དགོས་ངེས་ཆེན་པོ་ཡོད་པ་དང། མ་འོངས་པ་གསར་གཏོད་བྱེད་པར་ཡང་དགོས་གལ་ཆེན་པོ་ལྡན་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ལོ་རྒྱུས་ནི་ཆེས་ལེགས་པའི་བསླབ་དེབ་ཡིན།

དཔལ་འབྱོར་དང་། ཆབ་སྲིད། ལོ་རྒྱུས། རིག་གནས། སྤྱི་ཚོགས། ཚན་རྩལ། དམག་དོན། ཕྱི་འབྲེལ་ལ་སོགས་པའི་ཕྱོགས་ཀྱི་ཤེས་བྱ་དེ་མགོ་ཁྲིད་ལས་བྱེད་ཀྱིས་ལས་ཀའི་དགོས་མཁོ་དང་འབྲེལ་ནས་སློབ་སྦྱོང་བྱས་ཏེ། རྒྱུན་ཆད་མེད་པར་རང་ཉིད་ཤེས་ཡོན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས།

ལས་ཀ་གང་ཞིག་བྱེད་ན་དེ་སློབ་སྦྱོང་དང་གང་ཞིག་མི་ཤེས་ན་དེ་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་མགོ་ཁྲིད་ཀྱི་ལས་ཀ་ཡག་པོར་སྒྲུབ་པ་དང་ལས་གནས་ཀྱི་འགན་འཁྲི་སྒྲུབ་པར་ཉེ་བར་མཁོ་བའི་ཤེས་བྱ་སྣ་ཚོགས་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པ་བྱས་ཐོག ཧུར་ཐག་གིས་རང་ཉིད་དངོས་གནས་ལས་ཀར་རྒྱུས་མངའ་ཆེ་ཞིང་བྱང་ཆུབ་པའི་མགོ་ཁྲིད་པར་འགྱུར་བར་འབད་བརྩོན་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་སྣ་ཚོགས་དང་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལའང་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་ཤེས་རབ་བསྐྱེད་ཅིང་ལུས་སེམས་སྦྱོང་དགོས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པས། དེའི་ནང་གི་བསམ་བློའི་ཉིང་བཅུད་སྣ་ཚོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་པས་ན། ཡང་དག་པའི་འཛམ་གླིང་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་འཛུགས་པར་ཕན་ཐོགས་ཆེན་པོ་ཡོད། གནའ་མིའི་གཏམ་དཔེ་ལ“དཀའ་སྡུག་གཞན་གྱི་སྔོན་ལ་མྱོང་།བདེ་སྐྱིད་གཞན་གྱི་རྗེས་སུ་རོལ།”ཅེས་པའི་ཆབ་སྲིད་ཀྱི་ཕུགས་འདུན་དང་།“ཐོབ་ཐང་དམན་ཡང་རྒྱལ་ཁབ་ལས་དོན་ལ་སེམས་ཁྲལ་བྱ་རྒྱུ་བརྗེད་མ་ཕོད”ཅེས་པ་དང་། “རྒྱལ་ཁབ་དོན་དུ་གཅེས་སྲོག་གཏོང་ཕོད་ཅིང། །རང་ལ་གནོད་འཚེ་ཐེབས་ཕྱིར་གཡོལ་མི་སྲིད། །”ཅེས་པའི་རྒྱལ་ཁབ་ལ་དྲིན་གཟོ་བའི་ལྷག་སེམས།“འབྱོར་བས་ཡིད་མི་འཁྲུལ། དབུལ་བོས་བློ་མི་འགྱུར། འཇིགས་པས་མགོ་མི་སྒུར།”ཞེས་པའི་གཞུང་སེམས་རྣམ་དག

“སྐྱེས་ནས་མི་འཆི་སྐྱེ་བོ་མི་སྲིད་པས། ། བསམ་པ་བཟང་པོས་མཛད་རྗེས་འཇོག་ལ་བརྩོན། །”ཞེས་དང་།“ལུས་ནི་མ་བསྒུར་བར་དུ་ནུས་རྒུ་རྩལ་སྤྲུགས་བྱ། ། སྲོག་ནི་མ་སྟོངས་བར་དུ་ལས་མཐའ་གཞག་མི་བྱ། །”ཞེས་པའི་རང་སྲོག་བློས་གཏོང་བའི་སྙིང་སྟོབས་སོགས་ལས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང། མི་རིགས་ཀྱི་སྙིང་སྟོབས་མཚོན་ཡོད་པས། ང་ཚོས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་འོས། མགོ་ཁྲིད་ལས་བྱེད་པས་ད་དུང་རྩོམ་རིག་གི་ཤེས་བྱའང་གང་འཚམ་ཤེས་རྟོགས་བྱེད་འོས་ཏེ། རྩོམ་རིག་གི་རྟོགས་པ་དང་མཛེས་དཔྱོད་ཀྱི་ནུས་པ་ཇེ་ཆེར་གཏོང་བར་བརྟེན་ནས་བློ་སྦྱོང་དང་ཡ་རབས་ཀྱི་འཚོ་བའི་སྤྲོ་ཕྱོགས་གསོ་སྐྱོང་བྱེད་དགོས། གསར་བརྗེ་རྒན་རབས་པ་མང་པོ་ཞིག་ལ་རྩོམ་རིག་གི་སྦྱངས་པ་ཟབ་ཡངས་ལྡན་པ་དང་། སྙན་ངག་རྩོམ་པ་ལ་ཤིན་ཏུ་མཁས་པ་རེད། མདོར་ན། ལོ་རྒྱུས་སྦྱངས་ན་རྒྱལ་ཕམ་མཐོང་བ་དང་། ཐོབ་ཤོར་དཔྱད་གཞིའི་མེ་ལོང་དུ་འཛིན་པ། དར་རྒུད་ཤེས་ཐུབ་པ་དང་། སྙན་ངག་སྦྱངས་ན་བརྩེ་དུང་འཁོལ་ཞིང་སེམས་ཤུགས་ཆེ་ལ་བློ་རིག་འཕེལ་ཐུབ་ཅིང་། འཛམ་གླིང་གི་ལུགས་སྦྱངས་ན་ངོ་ཚ་དང་། གཟི་ཁྲེལ། ལེགས་ཉེས་བཅས་འབྱེད་ཤེས་པར་འགྱུར། ང་ཚོས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་དགོས་པར་མ་ཟད། ད་དུང་མིག་ཟུང་གདངས་ནས་འཛམ་གླིང་ལ་བལྟས་ཏེ་འཛམ་གླིང་ཐོག་གི་མི་རིགས་མི་འདྲ་བའི་ལོ་རྒྱུས་དང་རིག་གནས་རྒྱུས་ལོན་བྱས་ནས། སྙིགས་དོར་བཅུད་ལེན་གྱིས་དེ་དག་ལས་བློ་རྒྱ་བསྐྱེད་དེ་གང་མཁོ་བེད་སྤྱོད་བྱེད་དགོས།

མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གི་ཁ་ཕྱོགས་ཡང་དག་པ་རྟོགས་དགོས། མར་ཁེ་སིི་རིང་ལུགས་ཀྱིས་བསྟན་པའི་ཁ་ཕྱོགས་སྣང་མེད་དུ་བསྐྱུར་བ་ཡིན་ན། སློབ་སྦྱོང་ནི་རྨོངས་ཚོད་ཀྱི་གནས་དང་ཐ་ན་ལོག་ལམ་དུ་གོལ་ནས། སྣེ་མང་རྙོག་འཛིང་ཆེ་བའི་གནས་བབ་ནང་དུ་ཅི་བྱ་གཏོལ་མེད་དུ་གྱུར་འགྲོ་བ་དང་། ནོར་འཁྲུལ་གྱི་བསམ་བློ་སྣ་ཚོགས་ཟློག་དཀའ་བར་འགྱུར། ཡང་དག་པའི་ཁ་ཕྱོགས་མེད་ན་དགེ་མཚན་ལྡན་པའི་ཤེས་བྱ་སྦྱོང་མི་ཐུབ་པར་མ་ཟད། ད་དུང་འུད་བརྗོད་དང་དོན་དངོས་དང་མི་མཐུན་པ་དང་། དོན་དངོས་དང་བྲལ་བ། ཐ་ན་དགོད་བྲོ་བ་དང་ནོར་འཁྲུལ་ཧ་ཅང་ཆེ་བའི་རིགས་ཀྱིས་མགོ་རྨོངས་སུ་འཇུག་པ་དང། སློབ་སྦྱོང་གི་དམིགས་ཡུལ་ནི་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན། མགོ་ཁྲིད་ལས་བྱེད་པ་ཚོས་སློབ་སྦྱོང་ལ་ཤུགས་རྒྱག་པའི་རྩ་བའི་དམིགས་ཡུལ་ནི་ལས་ཀ་སྒྲུབ་པའི་འཇོན་ནུས་ཇེ་ཆེ་དང་གནད་དོན་དངོས་ཐག་གཅོད་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་ཆེད་ཡིན། “སྟོང་བཤད་རྒྱལ་ཕུང་དང་། དངོས་སྒྲུབ་རྒྱལ་དར”ལས་བརྗོད་པ་ནི་སློབ་སྦྱོང་དང་ལས་ཀའི་ཁྲོད་ཀྱི་དོན་མེད་སྟོང་གཏམ་ལ་ངོ་རྒོལ་བྱེད་ཕྱིར་བཏོན་པ་ཡིན། ཀྲན་གོའི་སྐབས་ཀྱི་ཀྲའོ་ཁུའོ་ཡིས“ཤོག་བུའི་སྟེང་དུ་དམག་དོན་གླེང་བ”དང་། ཅིན་རྒྱལ་རབས་ཤར་མ་དང་ནུབ་མའི་སྐབས་ཀྱི་ཡོན་ཏན་པས་སྟོང་བཤད་ཀྱིས་ལས་འཐུས་ཤོར་བ་ཡི་ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་ཚང་མ་ཕྱི་འདོམས་ཀྱི་མེ་ལོང་དུ་འཛིན་དགོས། དཔེ་ཀློག་ནི་སློབ་སྦྱོང་ཡིན་ལ། བཀོལ་སྤྱོད་བྱེད་པ་ཡང་སློབ་སྦྱོང་ཡིན་པར་མ་ཟད། ད་རུང་སློབ་སྦྱོང་ནི་དེ་བས་ཀྱང་གལ་ཆེན་པོ་ཞིག་རེད། མགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་མར་ཁེ་སིི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་། མི་དམངས་དགེ་རྒན་དུ་བསྟེན་པ། བྱ་བ་སྒྲུབ་ཀྱིན་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་ཀྱིན་བྱ་བ་སྒྲུབ་པ། སྦྱངས་ནས་བེད་སྤྱོད་དང་། བཀོལ་ནས་སྦྱོང་བར་སྐུལ་བ། སྦྱོང་སྤྱོད་སྐུལ་རེས་བཅས་བྱེད་ཐུབ་དགོས་པ་ལས། མཁས་རློམ་སྟོང་བཤད་དང“ཁོ་ལེ་ཁུང”གི་དཔེ་ཟླར་གཏན་ནས་ལྷུང་མི་ཉན།

དགའ་ཕྱོགས་ནི་སློབ་སྦྱོང་ལ་སྐུལ་མ་གཏོང་བའི་དགེ་རྒན་ཡག་ཤོས་རེད།“ཤེས་པ་བས་ཀྱང་དགའ་བ་གཅེས། དགའ་བ་བས་ཀྱང་སྤྲོ་བ་གཅེས།”ཞེས་པས་གནས་ལུགས་འདི་བསྟན་ཡོད། མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ནི་དོན་གཉེར་ཞིག་དང་། དགའ་ཕྱོགས་ཤིག། བདེ་ཐང་གི་འཚོ་བའི་སྤྱོད་སྟངས་ཤིག་ཏུ་བཟུང་ནས་སྤྲོ་བ་བརྟས་ནས་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ལ་སྤྲོ་བ་ཆེན་པོ་ཡོད་པས་ན། གཞན་སྐུལ་གྱི་སློབ་སྦྱོང་དེ་མ་སྐུལ་དང་བླངས་ཀྱིས་སློབ་སྦྱོང་བྱེད་པར་བསྒྱུར་ཐུབ་པ་དང་། གནས་སྐབས་ཤིག་ལ་སློབ་སྦྱོང་བྱེད་པ་དེ་མི་ཚེ་གང་བོར་སློབ་སྦྱོང་བྱེད་པར་བསྒྱུར་ཐུབ། སློབ་སྦྱོང་དང་བསམ་གཞིག། སློབ་སྦྱོང་དང་ལག་ལེན་ནི་གཅིག་རམ་གཅིག་འདེགས་ཡིན་ཏེ། ཐོས་ཏེ་མ་བསམས་ན་བོགས་མི་ཐོན་ཞིང་། བསམས་ནས་མ་ཐོས་ན་རྨོངས་པར་འགྱུར་ཞེས་པ་ནང་བཞིན་རེད། ཁྱེད་ཀྱི་སེམས་ན་གནད་དོན་ཡོད་པ་དང་། གནད་དོན་དེ་ཐག་གཅོད་བྱེད་འདོད་པས་མི་ཚད་ཐག་གཅོད་ཡག་པོ་བྱེད་འདོད་པ་ཡིན་ཕྱིན། སློབ་སྦྱོང་བྱེད་ངེས་ཡིན་ལ། མ་སྐུལ་དང་བླངས་ཀྱིས་སློབ་སྦྱོང་བྱེད་ངེས་རེད། དེ་ཉིད་རྒྱ་ཆེར་སྦྱང་བར་བྱ། དེ་ཉིད་རྟོག་ཅིང་འདྲི་བར་བྱ། དེ་ཉིད་ཞིབ་ཏུ་བསམ་པར་བྱ། དེ་ཉིད་གསལ་བོར་འབྱེད་པར་བྱ། དེ་ཉིད་ཀུན་ཏུ་སྤྱད་པར་བྱ། ཞེས་ཟེར་བ་ལྟར་བྱེད་དགོས། སློབ་སྦྱོང་བྱེད་ན་དུས་ཚོད་འཚོལ་མཁས་དགོས། དུས་རྒྱུན་དུ་བློ་མཐུན་ལ་ལའི་ཁ་ནས། རང་ཉིད་ལ་སློབ་སྦྱོང་བྱེད་འདོད་ཡོད་ཀྱང་ལས་ཀ་བྲེལ་བ་ཆེ་བའི་དབང་གིས་སློབ་སྦྱོང་བྱེད་ཁོམ་མི་འདུག་ཟེར་གྱི་ཡོད། སྐད་ཆ་དེར་ཉན་ན་གནས་ལུགས་ཡོད་པ་ལྟར་སྣང་མོད། འོན་ཀྱང་དེ་ནི་སློབ་སྦྱོང་ལྷོད་ཡངས་སུ་གཏོང་བའི་རྒྱུ་མཚན་དུ་གཏན་ནས་མ་ངེས། ཀྲུང་དབྱང་གིས་ལས་ཀའི་སྤྱོད་ཚུལ་བསྒྱུར་ནས་སློབ་སྦྱོང་མང་ཙམ་དང་བསམ་གཞིག་མང་ཙམ་བྱེད་དགོས་པ་ལས། དོན་མེད་ཀྱི་སྣེ་ལེན་ཉུང་ཙམ་དང་ཕྱི་ཚུལ་རིང་ལུགས་ཉུང་ཙམ་བྱེད་དགོས་པ་ནན་བཤད་བྱས་ཡོད་པ་འདི་ཡང་ལས་ཀའི་སྤྱོད་ཚུལ་བསྒྱུར་བའི་ནང་དོན་གལ་ཆེན་ཞིག་རེད། མང་ཚོགས་ཀྱིས་ད་ལྟ་ལས་བྱེད་པ་ལ་ལ་ནི་སློབ་སྲོལ་མི་བཟང་བར་རྩེད་སྲོལ་དར་སོ་ཆེ་ཞེས་ཟེར་གྱི་ཡོད། དེ་ལྟར་རང་ཉིད་མགོ་བོ་རྨོངས་བཞིན་དུ། གཞན་གྱི་བློ་རིག་གསལ་ཐབས་བྱེད། ཅེས་པའི་དཔེ་རྗེས་འབྲངས་ན་ག་ལ་འགྲིག་སྟེ། དེས་ལས་ཀར་འཐུས་ཤོར་དང་དོན་དག་ཆེན་པོར་འཐུས་ཤོར་འབྱུང་ངེས་རེད། སློབ་སྦྱོང་ལ་དོ་སྣང་མི་བྱེད་པར་མཐའ་གཅིག་ཏུ་ལས་དོན་ལ་འབུངས་ཚེ་བསམ་བློ་ངན་རེངས་ཅན་དང་ཐ་མལ་བར་འགྱུར་སྲིད། སློབ་སྦྱོང་བྱེད་ན་སེམས་རྣལ་དུ་ཕབ་ནས་བརྩོན་པ་རྒྱུན་འཁྱོངས་དང་གོ་བ་ཟབ་ལེན་བྱ་རྒྱུ་གཅེས་པ་ལས། འཚབ་བེ་འཚུབ་བེ་དང་ཁ་འཐོག་མགོ་འཐོག གོ་བ་ཟབ་མོ་མི་ལེན་པ་བཅས་སྤང་དགོས། མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དེ་གོ་གནས་གལ་ཆེ་སར་འཇོག་དགོས་པ་དང་། སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་ལ་བརྩོན་དགོས། ཐ་ན་ཉིན་གཅིག་ལ་དུས་ཚོད་ཕྱེད་ཀ་ཙམ་ཡིན་ཡང་དམ་འཛིན་བྱས་ནས་ཤོག་ངོས་འགའ་ཤས་ཀློག་དགོས། དེ་ལྟར་རྒྱུན་འཁྱོངས་བྱས་ན་ཆུ་ཐིགས་བསགས་པས་རྒྱ་མཚོ་དང་བྱེ་མ་བསགས་པས་མཆོད་རྟེན། གོམ་པ་བསགས་པས་ཕ་མཐར་ཆོད་པ་ལྟ་བུ་ཞིག་ཡོང་ངེས་རེད།

མདོར་ན། སློབ་སྦྱོང་ལ་དགའ་ན་གཞི་ནས་ཡར་ཐོན་ཡོང་གི་རེད། ཀྲུང་གོ་གུང་ཁྲན་ཏང་མི་ནི་སློབ་སྦྱོང་ལ་བརྟེན་ནས་ད་ལྟའི་དུས་སུ་སླེབས་པ་ཡིན་པ་དང་།སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་ངེས་ཀྱང་ཡིན། ང་ཚོའི་ལས་བྱེད་པ་ཡར་ཐོན་དང་། ང་ཚོའི་ཏང་ཡར་ཐོན། ང་ཚོའི་རྒྱལ་ཁབ་ཡར་ཐོན། ང་ཚོའི་མི་རིགས་ཡར་ཐོན་བཅས་ཡོང་དགོས་ན་ངེས་པར་དུ་སློབ་སྦྱོང་གི་དར་སྲོལ་ཆེན་པོ་སྤེལ་དགོས་པ་དང་། ཡང་ནས་ཡང་དུ་སློབ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ཡང་ནས་ཡང་དུ་ལག་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། །

(ཡོང་ཁུངས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》 2014 :401)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1