༢༠༢༠ལོའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་དང་བརྗོད་འདོད་པའི་རེ་བ་འགའ།

གུར་མགོན་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] འདིར2020ལོའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་དང་སྦྱར་ནས་སྤྱིར་བཏང་རྩོམ་རྒྱུགས་ལ་སྐར་ཚད་མི་ལོན་པའི་གནད་དོན་བཞི་བཏོན་ཡོད་ཅིང་། རྗེས་སོར་ཡིད་འཇོག་བྱ་དགོས་པའི་གནད་དོན་དགུ་ཡོད་པར་འདོད། རྒྱུགས་སྤྲོད་མཁན་སློབ་མས་རྩོམ་ཡིག་སྦྱོང་བརྡར་བྱེད་དུས་གནད་དོན་དེ་དག་ལ་དོ་སྣང་བྱ་དགོས་པ་དང་། རྒྱུ་ཆ་ཞིབ་ཀློག་བྱེད་སྟངས། ཁ་བྱང་ཇི་ལྟར་སྦྱོར་ཚུལ། རྩོམ་ཡིག་དངོས་ཇི་ལྟར་འབྲི་ཚུལ་བཅས་བསྟན་ཡོད།

[གནད་ཚིག] རྩོམ་རྒྱུགས། རྒྱུ་ཆ། ཁ་བྱང་།

༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་རྒྱུགས་གཞི་ལས་བོད་ཀྱི་སྐད་ཡིག་གི་རྒྱུགས་ཤོག་ལ་བསྡོམས་པས་དྲི་བ་ཤོག་ངོས་བཅོ་ལྔ་ཡོད་ཅིང་། དེར་དོན་ཚན་ཆེ་བ་དྲུག་དང་ཆུང་བ་སོ་གསུམ་དུ་དགར་བ་རྣམས་ལས་འདིར་བྱེ་བྲག་རྩོམ་ཡིག་གི་སྐོར་རགས་ཙམ་བཤད་པར་བྱ་སྟེ།རྩོམ་ཡིག་ལ་གཏོགས་པ་དོན་ཚན་ཆེན་པོ་ལྔ་པ“ཚིག་སྦྱོར་སྤེལ་བ”ཞེས་པ་དང་། དྲུག་པ“རྩོམ་ཡིག”ཅེས་པ་དེ་གཉིས་ཡིན། དེ་ལ་རྩོམ་ཆུང་གཉིས་དང་རྩོམ་ཆེན་གཅིག་གིས་གྲུབ་ཅེས་བཤད་ཀྱང་རུང་ (རྩོམ་ཆུང་དང་རྩོམ་ཆེན་ཞེས་པ་ནི་ངའི་སྟབས་བདེའི་བཤད་ལུགས་ཙམ་ཡིན་གྱི་དོན་ལ་རྩོམ་ཐུང་ངུ་དང་རིང་པོ་ཞེས་པ་དེ་ཡིན)།རྩོམ་ཆུང་ལའང་བཅད་ལྷུག་གཉིས་སུ་དབྱེ་བ་སོ་སོར་སྐར་ཚད7%རེ་སྟེ14%ཟིན་ཡོད། རྩོམ་ཆུང་དང་པོའི་ཆ་རྐྱེན་ནི། བརྒྱ་ཁ་གཅིག་གཅོད། སྙིགས་དོར་བཅུད་ལེན། རང་རྐྱ་འཕེར་བ། གནའ་བཟང་དེང་སྤྱོད་བཅས་ཐ་སྙད་བཞི་སྤྱད་དེ་ཚེག་བར་ལྔ་བཅུ་ཡན་གྱི་ཚིག་ལྷུག་ཅིག་འབྲི་དགོས་པ་དེ་ཡིན། དོན་ལ་ཐ་སྙད་འདི་བཞི་སྤྱད་དེ་སྐད་ཆ་ཁ་ཚང་ཞིག་ཤོད་ཅེས་པ་ཡིན་པས། གང་སྤེལ་བའི་ཚིག་སྦྱོར་དེ་རྒྱན་གྱིས་བཅིངས་ཆོག་ལ་མ་བཅིངས་ཀྱང་ཆོག འོན་ཀྱང་། ཐ་སྙད་བཞི་བོ་དེ་ཚིག་གི་ནང་ལ་འཇོག་དུས་འབྱོར་ཞིང་འོས་པ་ཞིག་ཡིན་དགོས་ཏེ། རྒྱུགས་བཤེར་དགེ་རྒན་གྱིས་དྲིས་ལན་འདེབས་མཁན་སློབ་མའི་ངོས་ནས་ཐ་སྙད་བཞི་བོ་དེའི་དོན་གོ་ཡོད་མེད་ལ་བལྟ་ངེས་ཤིང་དེ་ནས་ཚིག་དོན་ལ་སྐྱོན་གཞན་ཡོད་མེད་ལ་ཡང་བལྟ་ངེས་ཡིན། ཐ་སྙད་དེ་དག་གི་ནང་དོན་ལ་མནོ་བསམ་ཞིབ་པར་མ་བཏང་ན་ཁྱོད་ཀྱི་ཐོབ་སྐར་ལ་ཤིན་ཏུ་གནོད་དོ། །རྩོམ་ཆུང་གཉིས་པ་ནི“གང་ལ་བློ་ཡོད་དེ་སྟོབས་ལྡན། ། བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ། ། ཅི་ཞིག་སེང་གེ་སྟོབས་དང་ལྡན། ། རི་བོང་གིས་ནི་སྲོག་དང་ཕྲལ། །ཞེས་པའི་ལེགས་བཤད་ཀྱི་བསྟན་དོན་གཞིར་བཟུང་ནས་རྐང་བ་རེར་ཚེག་བར་བཅུ་གཅིག་ཅན་གྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་སྤེལ་དགོས་ཤིང་། ཚིགས་བཅད་ཤོ་ལོ་ཀ་དེ་ཡང་རྒྱན་གྱིས་བཅིངས་ཆོག་ལ་མ་བཅིངས་ཀྱང་ཆོག འདིའི་ཆ་རྐྱེན་གཙོ་བོ་ནི་བསྟན་དོན་ཞེས་པས་བློ་གྲོས་དང་བློ་གྲོས་ཀྱི་ཡོན་ཏན་ནམ་ཁྱད་ཆོས་ལ་བསྟོད་པ་ཞིག་ཡིན་དགོས། ཚེག་བར་བཅུ་གཅིག་ཅེས་ཚེག་བར་གཏན་ལ་ཁེལ་བ་འདི་ངེས་པར་ཡིད་ལ་འཛིན་དགོས། སློབ་འབྲིང་སློབ་མ་ཚོས་རྒྱུན་ལྡན་དུ་འབྲི་སྦྱངས་བྱེད་བཞིན་པ་ནི་ཚེག་བར་བདུན་མ་དང་དགུ་མ་ཡིན་པས། ད་ལོའི་མཐོ་རྒྱུགས་ཀྱི་དྲི་བ་མཐའ་དག་གི་ནང་ནས་དོན་ཚན་འདི་རྒྱུགས་སྤྲོད་སློབ་མ་བྱིངས་ལ་ཅུང་དཀའ་བར་སྣང་ངོ་། །
 དོན་ཚན་འདིའི་ནང་དུ་རྒྱུགས་སྤྲོད་སློབ་མའི་ཚིགས་བཅད་ལྷུག་གཉིས་ཀྱི་བརྗེ་སྤེལ་ནུས་པའམ་བཀོལ་སྤྱོད་ཐད་ཀྱི་ནུས་པར་བལྟ་བ་ཡིན་པས། རྒྱུགས་བཤེར་དགེ་རྒན་གྱིས་གཙོ་བོར་ཚིག་སྦྱོར་སྤེལ་སྟངས་བཟང་ངན་དང་བྱང་ཆ་ཡོད་མེད་ལ་བརྟགས་ཏེ་སྐར་མ་སྟེར་བ་ཡིན་མོད། འོན་ཀྱང་ཡིད་འཇོག་བྱ་དགོས་པ་ཞིག་ནི་དྲི་བའི་སྟེང་ན་སོ་སོར་རེ་བ་བཏོན་ཡོད་པ་དེ་དང་འགལ་བའམ་ཅུང་ཟད་འགལ་བ། ཚབས་ཆེར་འགལ་བ་སོགས་བྱུང་ན་དེར་བསྟུན་གྱིས་སྐར་གྲངས་འཕྲི་ངེས་ཡིན། སྤྱིར་བཏང་དོན་ཚན་འདི་ལ་རྒྱུགས་སྤྲོད་མཁན་སློབ་མ་ཚད་ལྡན་ཞིག་ཡིན་ན་མནོ་བསམ་ཆེན་པོ་གཏོང་མི་དགོས་པར་རེ་བ་དང་མ་འགལ་བར་བྲིས་པ་ཙམ་གྱིས་ནུས་ཤིང་། རྒྱུགས་གཞི་འདོན་མཁན་དགེ་རྒན་གྱིས་དཔེ་བལྟ་སའི་ཚིགས་བཅད་དང་རྒྱུ་ཆ་བཀོལ་ཏེ་སློབ་མར་སྟབས་བདེའི་མཐུན་རྐྱེན་བསྐྲུན་ཡོད་ཅིང་། དེ་ཡང་གཙོ་བོར་བློ་སྒོ་འབྱེད་པ་དང་དུས་ཚོད་མང་པོ་འཕྲོ་བརླག་ཏུ་མི་འགྲོ་བར་དམིགས་པ་ཡིན།དོན་ཚན་དྲུག་པ་ནི་རྩོམ་ཆེན་ཏེ། འདི་ལ་སྐར་ཚད45%ཡོད། དོན་ཚན་འདི་ལ་རྒྱུ་ཆ་གཅིག་དང་། རེ་འདུན་བཞི་ཡོད་པ་ཐོག་མར་ཞིབ་ཀློག་བྱེད་དགོས་ཏེ། རྩོམ་ནི་དེ་ལ་གཞི་བྱས་ཏེ་འབྲི་དགོས་པས་སོ། ། ཐོག་མར་རྒྱུ་ཆའི་ནང་དོན་ཞིབ་ཀློག་གིས་གསལ་བར་ངེས་དགོས་ཏེ། རྒྱུ་ཆའི་ནང་དོན་ནི“རང་ཚུགས་ཐུབ་པ”ཞེས་པའི་ཐ་སྙད་འདི་སྙིང་བོར་བྱས་ཏེ་ལྷུག་བརྗོད་བྱས་ཡོད། ཁྱོད་ཀྱི་ཁ་བྱང་ཡང་དེ་ལས་འདའ་བ་མེད་དེ། དེ་ལས་འདས་ན་རྩོམ་གྱི་བརྗོད་སྙིང་འབུར་དུ་ཐོན་རྒྱུ་ཤིན་ཏུ་དཀའོ། ། འོན་ཀྱང་ཁ་བྱང་ལ“རང་ཚུགས་ཐུབ་པ”འབའ་ཞིག་མ་ཡིན་པར་གཞན་དང་གཞན་ཡང་ཡིན་ཆོག་མོད། རྩོམ་གྱི་ནང་དོན་ནི་རང་ཚུགས་ཐུབ་པའི་ལྟ་ཚུལ་དང་འབྲེལ་བ་ཞིག་ངེས་པར་ཡིན་དགོསདེ་ནས་བློས་བསླང་གི་གོ་རིམ་ཁྲོད་དུ་ཐོག་མར་ཐག་གཅོད་དགོས་པ་ཞིག་ནི་ཁ་བྱང་ཡིན། དཔེར་ན།“རང་ཚུགས་ཐུབ་པ་ནི་མི་གཤིས་ཀྱི་རྩ་བ་ཡིན།”ཞེས་པ་དང“རང་ཚུགས་གསེར་གྱི་འཁར་བ།”ལྟ་བུ་བཞག་ཆོག་ཅིང་། གལ་སྲིད་ཁ་བྱང་མི་མཛེས་པའམ་ཅུང་ཟད་ཡོ་གཟུར་སོགས་བྱུང་ན་དེ་ལ་དེ་འཚམ་གྱི་སྐར་གྲངས་གཅོག་ངེས་ཡིན།(དེ་གཙོ་བོར་རྒྱུགས་སྤྲོད་སློབ་མ་ཁོ་རང་གིས་བྲིས་པའི་ནང་དོན་ལ་བརྟགས་ནས་ཡོ་གཟུར་བྱུང་ཡོད་མེད་ཐག་གཅོད་པ་ཡིན)དེ་ནས་རྩོམ་དངོས་ཀྱི་ཚིག་སྦྱོར་དང་། དག་ཆ། ནང་དོན། སྤྱི་ཁོག་འབུབས་སྟངས། སྒྲིག་གཞི་བཅས་ལ་དམིགས་ཏེ་སྐར་མ་སྟེར་དགོས་པ་ཡིན། སྤྱིར་བཏང་རྩོམ་ཡིག་གཅིག་ལ་དགེ་རྒན་གཉིས་ཀྱིས་རང་རང་སར་བཤེར་ཐེངས་རེ་བགྱིས་ཏེ་སྐར་མ་སྟེར་བ་ཡིན་ལ། བཤེར་ཐེངས་གཉིས་ཀྱི་སྐར་ཚད་ལ་བར་ཁྱད་བྱུང་ན་བཤེར་ཐེངས་གསུམ་པ་བརྒྱུད་དགོས། དགེ་རྒན་དེ་གསུམ་གྱི་སྐར་ཚད་ལ་ད་དུང་བར་ཁྱད་བྱུང་ན་བཤེར་ཐེངས་བཞི་བ་བརྒྱུད་དགོས། དེ་འདྲའི་ནན་ཏན་གྱི་སྐར་མ་འགོད་སྟངས་ཤིག་བརྒྱུད་དེ་བྱུང་བའི་རྩོམ་ཡིག་གི་སྐར་མ་སྟེར་ཚད་ལ་ནོར་བའི་གནས་གང་ཡང་མེད་དོ། །
༢༠༢༠ལོའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ལས་ཚོར་སྣང་ཅི་ཞིག་བྱུང་བ་ནི༢༠༡༦ལོར་བདག་གིས་བྲིས་པའི་ཚོར་སྣང་དང་མཚུངས་པར་མཐོང་ཞིང་གལ་བོ་ཆེ་ལ་ནན་ཏན་གྱིས་བསྐྱར་ན། དང་པོ། རྩོམ་ཡིག་འབྲི་དུས་འགན་མི་འཁུར་བའི་རྣམ་པ་སྟེ། དཔེར་ན་རྒྱུགས་ཤོག་ངོས་ཀྱི་རྒྱུ་ཆ་གང་རུང་ཞིག་ལེབ་བཤུས་བྱེད་པ་ལྟ་བུ། ཡང་ན་འབྲེལ་མེད་དོན་གཞན་གྱི་སྐད་ཆ་མང་པོ་སྨྲས་ནས་རྩོམ་ཡིག་རྫོགས་པར་བྱེད་པ་ལྟ་བུ་ཡིན། གཉིས་པ། གྲ་སྒྲིག་བྱས་པའི་རྩོམ་ཡིག་མི་འབྱོར་བཞིན་དུ་བཙན་སྦྱོར་བྱེད་པ། འདི་ནི་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་སྐབས་སུ་རྩོམ་ཡིག་གང་རུང་ཞིག་བློར་བཟུང་སྟེ་རྒྱུགས་སྤྲོད་པའི་ཚེ་ན་རྩོམ་རྒྱུགས་ཀྱི་ཁ་བྱང་དང་མི་འཚམ་ཡང་བཙན་གྱིས་སྦྱོར་བ་དང་། ནང་དོན་གང་སྦྱར་བ་དེ་ཡང་ར་སུག་ལུག་ལ་མི་འབྱོར་བའི་དཔེར་སོང་བ་ལྟ་བུ་དག་ཡིན། གསུམ་པ། གྲ་སྒྲིག་མེད་ཅིང་རྩོམ་ལ་དོ་སྣང་མི་བྱེད་པའི་སྐོར། སྐར་ཚད་ཀྱི་དབང་དུ་བཏང་ན་སྐར་མ་ཅུང་མང་པོ་ཟིན་པའི་རྩོམ་ཡིག་ནི་ཅི་ནུས་གང་ལྕོགས་ཀྱིས་འབྲི་དགོས་པ་ཞིག་ལས་དེ་ལ་སྣང་མེད་བྱ་མི་རུང་མོད། སློབ་གྲོགས་ལ་ལས་ཐིག་ཕྲེང་རེ་གཉིས་ལས་མ་བྲིས་པ་དང་ཕྱེད་ཀ་ཙམ་ལས་མ་བྲིས་པ། དེ་བཞིན་སྟོང་བར་བཞག་པ་སོགས་སྣང་སྟེ། དེ་རྣམས་གྲ་སྒྲིག་མེད་པ་དང་མཐོ་རྒྱུགས་ལ་ཅི་ཡིན་འདི་ཡིན་མེད་པའི་རྣམ་འགྱུར་འཛིན་མཁན་ཡིན། བཞི་པ་ནི། ཆ་རྐྱེན་མ་ལོངས་པའི་རིགས་ཏེ། དཔེར་ན་ཡིག་གྲངས་སུམ་བརྒྱ་ལས་མེད་པ། ལུང་འདྲེན་ནོར་བ། ཁ་བྱང་མེད་པ་ལ་སོགས་ཡིན་ཏེ། དོན་ལ་འདི་ནི་རྩོམ་ཡིག་འབྲི་དུས་ནན་ཏན་མི་བྱེད་པའི་རིགས་ཀྱང་ཡིན་ཏེ། ཁ་ཅིག་གིས་རྩོམ་བྲིས་ཚར་རྗེས་ཁ་བྱང་འདོགས་སྙམ་གྱིས་རེ་ཞིག་བཞག་ཅིང་། རྩོམ་ཡིག་གི་དངོས་གཞི་རྫོགས་པ་ན་ཁ་བྱང་བརྗེད་པ་ཡིན་ནམ་སྙམ་པ་ཡང་འདུག

རྗེས་སོར་མཐོ་རྒྱུགས་ལ་ཞུགས་མཁན་དང་དེར་འབྲེལ་ཡོད་དགེ་སློབ་དག་གིས་ཡིད་འཇོག་བྱ་དགོས་པ་ཡང་གོང་གི་དོན་ཚན་དེ་དག་ཡིན་ལ། བསྡུས་ན། ༡. རྒྱུ་ཆ་ཞིབ་ཀློག་གིས་ནང་དོན་གོ་བར་བྱེད་པ། ༢. ཆ་རྐྱེན་མི་བརྗེད་པ། ལྷག་པར་ཡིག་འབྲུ་ལོངས་ཙམ་དགོས། ༣. རྩོམ་གྱི་ཁ་བྱང་རྩོམ་མ་བྲིས་གོང་ལ་ཐོག་མར་འབྲི་བ། ༤. ཡི་གེ་གྲལ་དག་ཅིང་གསལ་བ། མཛེས་པ། མ་འཁྱོག་མ་འདྲེས་པ། སྣོག་སུབ་མེད་པ། ༥. དོན་ཚན་རྣམས་དོན་ཚན་རེ་རེའི་མགོའི་སྟོང་ཆ་གསལ་བར་བྱེད་པ། ༦. ཆེད་དུ་རྟགས་བཏབ་པ་འདྲ་བའི་བརྡ་རྟགས་རྩོམ་གྱི་མགོ་མཇུག་བར་གསུམ་གང་ནའང་མེད་པ། ༧. རྒྱུགས་ཤོག་ངོས་ཀྱི་རྒྱུ་ཆ་གང་ཡང་ལེབ་བཤུས་མི་བྱེད་པ། ༨. ཡིག་ནོར་ལ་ཡིད་འཇོག་བྱེད་པ། ༩. རྩོམ་ཡིག་གྲགས་ཅན་བློར་བཟུང་ནས་མི་འབྲི་བ་རྣམས་ཡིན་ཞིང་། གཞན་དོན་ལ་འབབ་པ་དང་ཁ་བྱང་དཀྱུས་ལ་བཟུང་ནས་འབྲི་བ། ཚིག་སྦྱོར་ལེགས་པ་དང་སྐད་ཆ་མི་མཛེས་པ་མེད་པ་སོགས་སྨྲ་མི་དགོས་སོ། །

དེ་ལས་གཞན་རྩོམ་ཡིག་སྦྱོང་བརྡར་གྱི་སྐབས་སུ་རྒྱུ་ཆ་ལ་བརྟེན་ནས་ཁ་བྱང་རང་གིས་སྦྱར་ཏེ་རྩོམ་ཡིག་འབྲི་རྒྱུའང་སྦྱང་དགོས། དོན་དུ་ཁ་བྱང་རང་གིས་བདམས་ཏེ་རྩོམ་ཡིག་འབྲི་བ་ནི་ཅུང་རང་དབང་གི་རྩོམ་ཐབས་ཤིག་ཡིན་མོད། ཁ་བྱང་དང་རྒྱུ་ཆ་གཉིས་གོ་མི་འགྲིག་པ་བྱུང་ན་དེ་ཡང་སྐར་ཚད་མི་ལོན་པའི་གནད་དོན་གྱི་འབྱུང་རྐྱེན་ཞིག་ཏུ་འགྱུར་བ་ཡིན། གཞན་ཡང་ཡིག་གཟུགས་མཛེས་དང་མི་མཛེས། སྣོག་སུབ་ཡོད་མེད་སོགས་ཀྱང་དེའི་ཡན་ལག་ཏུ་འགྲོ་བ་ཡིན། སྤྱིར་ན། རྩོམ་ཡིག་བློར་བཟུང་ནས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པ་དེ་ཐབས་ལེགས་པོ་ཞིག་མ་ཡིན་ཏེ། ཁྱོད་ཀྱིས་བློར་བཟུང་བ་གང་དེ་རྩོམ་རྒྱུགས་ཀྱི་དྲི་བ་དང་འགལ་བར་སོང་ན་དུས་ཚོད་ཆུད་ཟོས་ཡིན་ལ། ཁྱོད་རང་གི་ཆུ་ཚད་ངོ་མ་དེ་རྒྱུགས་ཤོག་ངོས་ནས་མངོན་པར་བྱེད་པ་ལ་གེགས་རྒྱ་བཟོས་པའང་ཡིན་ནོ། ། དེ་བས། རྩོམ་ཡིག་རང་གི་ལག་པས་འབྲི་བ་དང་། རང་གི་ཀླད་པས་འབྲི་བ། རང་གི་སེམས་འདུན་མཚོན་པ་ཞེས་པའི་རྩ་དོན་གྱི་སྟེང་ནས་རྒྱུན་དུ་སྦྱོང་བརྡར་བྱས་ན་གབ་ཚིག་ལྟ་བུའི་མཐོ་རྒྱུགས་ཀྱི་རྩོམ་བྱང་ཨེ་ཁེད་ལ་བལྟ་བའི་ངལ་བ་ལྷུར་ལེན་མི་དགོས་ཤིང་། རྒྱུགས་ཤོག་ངོས་ལ་རྩོམ་ཡིག་འབྲི་དུས་ཀྱང་རང་ལ་སྤོབས་པ་དང་རང་ལ་ཡིད་ཆེས་རྙེད་སྲིད་ཅིང་། འབད་པ་ཆེན་པོས་རང་སྟོབས་ཀྱིས་བྲིས་པའི་རྩོམ་ཡིག་ལ་སྐར་མ་ལོན་དང་མ་ལོན་ཅི་འདྲ་བྱུང་ནའང་རྗེས་སོར་ནམ་ཡང་འགྱོད་པར་མི་འགྱུར་སྙམ་མོ། །


* གུར་མགོན་སྐྱབས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1