༄༅།། སྐལ་བཟང་བཀྲ་ཤིས།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-25



རྣམ་དཀར་ལྷ་མོས་བྲིས།

        “ང་རང་ལོ་ན་བདུན་བརྒྱད་ཡས་མས་ཀྱི་ཉིན་ཞིག་ལ་སྒྲ་སྡུད་འཁོར་ལོ་ཞིག་ལས་ཧ་ཅང་སྙན་འཇེབས་ཀྱི་གླུ་སྐད་ཅིག་ཐོས་ཤིང་། ཡིད་སེམས་རང་དབང་མེད་པར་བཀུག་སྟེ་མགྲིན་པའང་བརྣངས་ཙམ་བྱས་སོང་། དེ་ནས“གླུ་དེ་ཇི་འདྲའི་སྙན་པ་ལ་ཨང་།འདི་སུ་ཞིག་གིས་བླངས་པ་རེད”ཅེས་ཨ་མར་དྲིས་པ་ན། ཨ་མས“དེ་ལོས་སྙན། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་རེད”ཅེས་བཤད་པས་ཐོག་མའི་བག་ཆགས་ཀྱིས་སྣེ་དྲངས་ཏེ་དེར་སློབ་སྦྱོང་བྱས།”

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་ཐོབ།

        སྤྱིར་བོད་ཀྱི་སྒྲ་སྙན་རོལ་ཆ་རྒྱུན་འཛིན་གང་འདྲ་ཡོད་ཅེ་ན། དུས་རབས་བཅུ་བདུན་པ་ནས་བཟུང་སྒྲ་སྙན་རོལ་ཆ་རིགས་གཉིས་བྱུང་ཡོད་དེ། གཅིག་ནི་གར་རོལ་ལ་དར་བའི་སྒྲ་སྙན་རྒྱུད་བདུན་པ་དང་།ཅིག་ཤོས་ནི་དམངས་ཁྲོད་དུ་དར་རྒྱས་ཆེ་བའི་རྒྱུད་དྲུག་སྒྲ་སྙན་དེ་གཉིས་ཡིན་ཞིང་། རྒྱུད་དྲུག་སྒྲ་སྙན་གྱི་ཐོག་མའི་བྱུང་བ་ནས་ཕྱིས་སུ་མདོ་སྨད་ཁུལ་དུ་དར་ཁྱབ་བྱུང་བ་དང་། ད་ལྟའི་བར་དུ་རྒྱུད་འཛིན་དང་དར་སྤེལ་ཆེན་པོ་བྱུང་འདུག་མོད། ལྷག་པར་དུ་ད་ལོའི་སྐབས་བདུན་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ལ་མཚོན་ན་བོད་རིགས་མི་དམངས་ཀྱི་རྩེད་རིགས་འཚོ་བར་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་ཕུལ་ཡོད་པར་མ་ཟད། མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལས་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་བླངས་པའི་རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ཀྱི་རོལ་ཆས་དཀྲོལ་རྩལ་གྱིས་ཀུན་ལ་བག་ཆགས་ཟབ་མོ་བཞག

སློབ་མའི་སྐབས་ཀྱི་སྐལ་བཟང་བཀྲ་ཤིས། 

        དེ་ཡང་རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ནི་1993ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དངུལ་རྭ་སྡེ་པ་རུ་སྐྱེས་ཤིང་། ཆུང་དུས་ནས་སྒྲ་སྙན་དང་གླུ་གར་ལ་སྤྲོ་བ་ཆེ་སྟབས། ལོ་བདུན་ཡས་མས་ནས་རང་གི་ཕུ་བོར་བརྟེན་ནས་མན་ཐོ་ལེན་སྒྲ་སྙན་དཀྲོལ་རྩལ་ལ་སྦྱང་བ་བྱས།དེ་ལྟར་རང་ལོ་16གི་བར་དུ་ཕྱུགས་རྫི་ནས་སྒྲ་སྙན་རྡུང་ལེན་ལ་རང་སྦྱོང་བྱས་ཏེ་འབྲོག་ཕྲུག་རྣལ་མ་ཞིག་གི་དུས་ཚོད་བསྐྱངས། དེ་ནས་ནང་མི་དང་ཕ་མའི་ངག་བཀོད་བཞིན་2008ལོར་རྭ་རྒྱ་ཤེས་རིག་ནོར་གླིང་དུ་སློབ་སྦྱོང་གི་སྒོ་ཐེམ་ཐོག་མར་འགྲིམ།སློབ་གྲྭར་ཞུགས་པ་ནས་བཟུང་རྨང་གཞིའི་རིག་གནས་ཞན་སྟབས་སློབ་སྦྱོང་གི་གནོན་ཤུགས་ཆེ་བ། འཚོ་བའི་ཆ་རྐྱེན་ཞན་པས་འཚོ་བར་དཀའ་ཁག་ཆེ་ནའང་སློབ་སྦྱོང་ལ་འབད་པ་བྱེད་ཞོར། གཟའ་མཇུག་གི་ངལ་གསོ་དང་སློབ་གསེང་སྐབས་སུ་སྒྲ་སྙན་དཀྲོལ་བ་དང་མཚན་མོར་གཉིད་ཁར་ཡང་བདུད་བྷེའི་རྡུང་ལེན་ལ་ཐེངས་གཅིག་མཉན་རྒྱུ་ནི་ཆག་མེད་ཀྱི་གོམས་གཤིས་ཤིག་ཏུ་གྱུར།
        2011ལོར་མཐོ་གཅིག་འཛིན་གྲྭར་འཕར་རྗེས་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭར་རྒྱུགས་སྤྲད་དེ་རང་གི་དགའ་ཕྱོགས་ལྟར་དབྱིན་ཡིག་གི་བརྡ་སྤྲོད་ལ་སྦྱངས་བ་ནན་གྱིས་བྱས། ཕྱིས་སུ་སློབ་མཐར་ཕྱིན་ཏེ་འཚོ་བའི་ཆ་རྐྱེན་སོགས་རྐྱེན་གང་མང་གིས་མུ་ནས་དབྱིན་ཡིག་ཆེད་སྦྱོང་བྱེད་མ་ཐུབ་ཀྱང་། ད་སྐབས་དབྱངས་ཡིག་སྦྱོང་བ་དང་ཕྱི་གླིང་གི་སྒྲ་རྟགས་ངོས་འཛིན། རོལ་མོའི་རྨང་གཞིའི་ཤེས་བྱ་ནས་རིམ་པ་བཞིན་རང་གི་སློབ་སྦྱོང་བྱེད་པ་ལ་ཕན་པ་མི་ཉུང་བ་ཐོབ།
        2014ལོར་སློབ་མཐར་ཕྱིན་ཞིང་། རྒྱལ་ཁམས་འགྲིམས་པའི་འགོ་ཚུགས་ཤིང་། པེ་ཅིན་དང་ཞི་ཨན། ལྷ་ས། ཁྲེང་ཏུའུ་སོགས་ནས་སློབ་སྦྱོང་དང་ཞོར་ལས་ལ་མཉམ་དུ་འབད། སྐབས་དེར་ཁོ་རང་ཉིན་མོར་ལས་ཞུགས་བྱས་ཏེ་བྲེལ་བ་ཆེ་ན་ཡང་། མཚན་མོར་རང་གི་སྒྲ་སྙན་བཟུང་ནས་སྤྱི་གླིང་སོགས་སུ་འཁྱམ་ཏེ། མཚན་མོའི་ཆུ་ཚོད་གཉིས་དང་གསུམ་ལ་མ་ཐོན་བར་དུ་དཀྲོལ་ལེན་ལ་སྦྱོང་བ་བྱས།
        2016ལོའི་ལོ་སར་གྱི་ཚེས5ཉིན་ནས་པེ་ཅིན་དུ་མ་སྐྱེས་ཨ་མ་བོད་ཟས་ཁང་དུ་ལས་ཞུགས་བྱས་ཤིང་། ཞོར་དུ་ལག་རྔ་དང་། guitarཔི་ཝང་། མངའ་རིས་སྒྲ་སྙན་སོགས་རོལ་ཆས་དུ་མ་ལ་སྦྱངས་བ་མཐར་ཕྱིན་པ་བྱས། 2018ལོའི་དགུན་ཁ་ནས་ཁྲེང་ཏུའུ་རུ་སླེབས་ཏེ་མ་སྐྱེས་ཨ་མའི་རོལ་ཚོགས་སུ་ཞུགས་ཤིང་། རིམ་གྱིས་དེ་གའི་གླུ་པ་གཙོ་བོ་ཞིག་ཏུ་གྱུར།
        དེ་ལྟར་2017ཙམ་ནས་ཕྱོགས་སོ་སོའི་སྒྲ་སྙན་རྡུང་ལེན་གྱི་འགྲན་སྡུར་དུ་མར་ཞུགས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། དེས་ན་སྐལ་བཟང་བཀྲ་ཤིས་ལགས་ནི་རིག་གནས་སློབ་སྦྱོང་གི་བརྒྱུད་རིམ་ལྡན་ཞིང་། རྒྱལ་ཁམས་འགྲིམ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་མཁན་ཞིག་ཡིན་པས། ཁོང་གིས་བོད་ཀྱི་སྒྲ་སྙན་འདི་རང་མི་རིགས་ཀྱི་ཁྱད་ཆོས་མ་བོར་བའི་ཐོག་ཏུ། དཀྲོལ་རྩལ་གསར་པ་དུ་མ་ནང་འདྲེན་དང་གསར་གཏོད་དང་འཚོལ་སྙེག་བྱས་ཏེ་རྡུང་ལེན་སྒྱུ་རྩལ་འདི་འཛམ་གླིང་ཅན་དང་། དར་སྲོལ་ཅན་དུ་བསྒྱུར་བར་འབད་པ་དང་སྦྱང་བ་ཤུགས་ཆེར་གནང་མུས་སུ་མཆིས།

རྡུང་ལེན་འགྲན་སྡུར་སོགས་ཀྱི་གྲུབ་འབྲས་ཟུར་བཀོད།
        2017ལོར་མདོ་ཁམས་ཡུལ་གྱི་སྐབས་དང་པོའི《གངས་རིའི་གདངས་དབྱངས》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཨང་གསུམ་པ་ཐོབ།
        ཡང་དེ་ལོར་མདོ་ཁམས་ཡུལ་གྱི་སྐབས་དང་པོའི《རྒྱུད་སྐུད་ཀྱི་ལམ་བུ》ཞེས་པའི་དཀྲོལ་ལེན་འགྲན་ཚོགས་ཆེན་མོའི་སྟེང་ཨང་གསུམ་པ་དང་།
        《ཁྱེད་དང་ངའི་མགྲིན་དབྱངས》ཞེས་པའི་མདོ་ཁམས་ཡུལ་གྱི་སྐབས་དང་པོའི་རྡུང་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།
        2018ལོར་མདོ་སྨད་ཡུལ་གྱི་སྐབས་གཉིས་པའི《ཚངས་སྲས་ལྷ་མོ་དགྱེས་པའི་མཆོད་དབྱངས》ཀྱི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་དང་པོ་དང་། མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་ཆེན་མོ《ལྷ་བཙན་སྐྱེས་རི་མཆོད་པའི་དུང་སྒྲ》ཞེས་པའི་འགྲན་ཚོགས་ཁྲོད་ཨང་གསུམ་པ་ཐོབ།
        2019ལོར་མདོ་ཁམས་ཡུལ་གྱི་སྐབས་དང་པོའི《ཚངས་སྲས་ངག་གི་མཆོད་པ》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་ཕུལ་བྱུང་བྱ་དགའ་དང་། ཉིས་ཁྲི་རྟགས་མའི་མདོ་ཁམས་ཡུལ་གྱི《ཨ་ཁུ་པདྨ》ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཁྲོད་བྱ་དགའ་ཨང་གཉིས་པ། མདོ་ཁམས་ཡུལ་གྱི་སྐབས་དང་པོའི《མཐུན་སྒྲིལ་གསེར་གྱི་ཨ་ལོང》ཞེས་པའི་སུམ་ཁྲི་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ། དེ་མིན་མདོ་ཁམས་ཡུལ་གྱི་སྐབས་གཉིས་པའི་རླངས་འཁོར་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་དང་པོ་སོགས་ཀྱི་བྱ་དགའ་ཐོབ།
        2020ལོར་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཁྲོད་ཨང་དང་པོ་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་བླངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1