པེད་ཏིན་གྱིས་ཧཱ་ལི་སི་ཡིས་མགོ་ཁྲིད་དེ་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ཀྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་བསྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་བཞིའི་ཉིན་ཕོ་བྲང་དཀར་པོ་ནས་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་གཞོན་པ་ཧཱ་ལི་སི་ཡིས་མགོ་ཁྲིད་དེ་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་བསྩལ་ཡོད་ཟེར། 
        པེད་ཏིན་གྱིས་བཤད་རྒྱུར། ཧཱ་ལི་སི་ཡིས་ཁོའི་ཚབ་བྱེད་པ་དང་། ཁོར་གྲོས་བསྡུར་བྱེད་མི་དགོས་པར་ཐད་ཀར་དུ་འབྲེལ་ཡོད་བྱ་བ་སྤེལ་ཆོག་ཟེར། པེད་ཏིན་གྱིས་ད་རུང་ཁྲིམས་འགལ་གནས་སྤོར་སྡོད་དམངས་གནད་དོན་དེའི་འབྱུང་རྩ་ནི་ཨ་མེ་རི་ཁའི་སྐབས་སྔོན་མའི་སྲིད་གཞུང་གི་གནས་སྤོར་སྡོད་དམངས་སྲིད་ཇུས་ལ་རག་ལས་ཡོད་པ་དང་། འགན་ཁུར་བའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་ལྟར་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། 
        ཧཱ་ལི་སི་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་མའོ་ཞི་ཁོ་བར་གྱི་མཐའ་མཚམས་ས་ཁུལ་གྱི་གནད་དོན་ཆེན་པོར་འཕྲད་ཡོད་ལ། གནད་དོན་དེ་སྐད་ཅིག་ལ་ཐག་གཅོད་བྱེད་ཐབས་མེད། ཨ་མེ་རི་ཁས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ལམ་ཐག་རིང་བོ་བརྒྱུད་དེ་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་འདུས་པའི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་དགོས་ཟེར། 
        ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་བཤད་རྒྱུར། ཧཱ་ལི་སི་ཡིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེ་སྔོན་གཙོ་བོ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཨ་མེ་རི་ཁར་ཡོང་བར་བཀག་འགོག་བྱས་ནས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཧཱ་ལི་སི་ཡིས་ད་རུང་ཨ་མེ་རི་ཁ་སྲིད་གཞུང་གི་ཚབ་བྱས་ཏེ་མའོ་ཞི་ཁོ་དང་མེ་གླིང་དབུས་མའི་རྒྱལ་ཁབ་ཝེ་ཏི་མཱ་ལཱ་དང་ཧོང་ཏི་རཱ་སི། སར་ཝ་ཏའོ་བཅས་ཀྱི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་རེད་ཟེར། 
        བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་གཙོ་བོ་མའོ་ཞི་ཁོ་དང་ཝེ་ཏི་མཱ་ལཱ། ཧོང་ཏི་རཱ་སི། སར་ཝ་ཏའོ་བཅས་ནས་ཡོང་བ་རེད། 
        ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་མཱ་ཡའོ་ཁཱ་སི་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་ལོ་ཉི་ཤུའི་རིང་གི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལས་དར་མ་ཁེར་འགྲོ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྱིམ་ཚང་མང་ཆེ་བ་མཐར་སྐྲོད་བཏང་ཡོད་ཀྱང་། འགྲོ་རོགས་མེད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་བྱིས་པ་མཐར་སྐྲོད་གཏོང་མི་སྲིད་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1