བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་པེ་ཅིང་ནས་འཕེལ་རྒྱས་གཏོང་བའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-26



          ཟླ3པའི་ཚེས23ཉིན།  བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་པེ་ཅིང་ནས་འཕེལ་རྒྱས་གཏོང་བའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་དང་། བོད་ལྗོངས་བདུད་རྩི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་ཡིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་པེ་ཅིང་བོད་སྨན་ཁང་ལ་མཉམ་ལས་གྲོས་མཐུན་ཡོང་བར་སོ་སོའི་མིང་རྟགས་བཀོད་པ་རེད།
མཛད་སྒོའི་ཡུལ་དངོས།
          ཁྲེན་ཙུང་རུང་གིས་བསྟན་དོན། བོད་ལུགས་གསོ་རིག་དང་བོད་སྨན་ནི་ཀྲུང་ལུགས་གསོ་རིག་དང་རྒྱ་སྨན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་རིགས་མི་དམངས་ཀྱི་ཡུན་རིང་པོར་ལག་ལེན་བྱས་པའི་བློ་གྲོས་ཀྱི་སྙིང་བཅུད་ཡིན་པས་གསོ་རིག་གི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་བླ་ལྷག་ཏུ་ལྡན་ཡོད།  ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་པེ་ཅིང་བོད་སྨན་ཁང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་ལས་གཞོགས་འདེགས་འདི་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་། འདི་ནི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ལྗོངས་ཕྱིར་ཁྱབ་གདལ་གཏོང་བ་དང་རྒྱལ་ས་པེ་ཅིང་དུ་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་རིན་ཐང་ཅན་ཞིག་རེད་ཟེར།
བོད་ཀྱི་བདུད་རྩི་རྟགས་ཅན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་བཞིན་པ།
          ཁོང་གིས་བསྟན་དོན། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པེ་ཅིང་བོད་སྨན་ཁང་དང་བོད་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཁག་དབར་མཉམ་ལས་ཇེ་རྒྱས་སུ་གཏོང་རྒྱུ་ཚད་མཐོ་བའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། པེ་ཅིང་བོད་སྨན་ཁང་གི་ས་བབ་ཀྱི་ལེགས་ཆ་དང་ལས་རིགས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་སྨན་བཅོས་ཐོན་ཁུངས་ལ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་འབད་བརྩོན་དེ་བས་མང་བ་བྱ་དགོས་ཟེར།
          ལུའོ་མེ་ཡིས་བསྟན་དོན། ཕྱོགས་སོ་སོའི་གྲོས་མཐུན་འཇོག་རྒྱུ་དེ་འགོ་འཛུགས་སར་བྱས་ནས་མཉམ་ལས་སྔར་བས་མང་པོ་དང་། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། ཕྱོགས་སོ་སོའི་ད་ཐེངས་ཀྱི་མཉམ་ལས་འདི་གོ་སྐབས་ཤིག་ལ་བལྟས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་སྔར་བས་ཇེ་གསལ་དུ་བཏང་སྟེ་གྲོས་མཐུན་གྱི་ནང་དོན་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུ་འདོན་དགོས། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ཁུངས་ཀྱི་ལེགས་ཆ་དང་པེ་ཅིང་ས་ཁོངས་ཀྱི་ལེགས་ཆར་གཞི་བཙུགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་ཁ་ཐོག་ལག་ཐོག་གིས་མཉམ་ལས་བྱས་ཏེ་གྲོས་མཐུན་གྱི་བྱ་ཐབས་དང་ནང་དོན་ཁག་དོན་འཁྱོལ་ནན་ཏན་བྱེད་པ་མ་ཟད། དེ་བས་གཏིང་ཟབ་པ་དང་དེ་བས་རྒྱ་ཆེ་བའི་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྐུལ་འདེད་གཏོང་བ། ལས་ཀའི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་འཛུགས་པ། དུས་ཐོག་ཏུ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱེད་པ། དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། མཉམ་ལས་འདི་ལ་གང་མགྱོགས་ཀྱིས་གཉིས་ཁེ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཟེར།
“བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ”གྱི་སྒོ་བྱང་འགེལ་བའི་མཛད་སྒོ།
          མིང་རྟགས་འགོད་པའི་མཛད་སྒོའི་སྟེང་དུ་ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱིས“ལྷོ་ཁ་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་སྨན་ཁང་སྟེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་པེ་ཅིང་བོད་སྨན་ཁང་གི་སྨན་བཅོས་མཉམ་འབྲེལ་ལས་ཁུངས”དང་། “བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ”གྱི་སྒོ་བྱང་གཉིས་ལྷན་གཅིག་ཏུ་བཀལ་བ་རེད།
          ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་དང་། སྤྱི་ཁྱབ་ལས་འཛིན་གཞོན་པ་ལེན་ཞང་རྨིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞ་ཀང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། (བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སྐུལ་སྤེལ་གཞུང་ལས་ཁང་།) ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་། བོད་ལྗོངས་བདུད་རྩི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི། བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་རྣམས་མཛད་སྒོར་ཞུགས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1