ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་སུ་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29



   རང་རྟོགས་ངང་བསམ་བློར་ཞུན་བརྡར་དང་བརྩེ་སེམས་ ཟབ་མོས་འབད་འབུངས་བྱེད་དགོས།
   འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་དེ་སྔའི་ཞིབ་འཇུག་ཁང་གི་ལས་དོན་ཨུ་ཡོན་ཁྲེན་ཅིན་གྱིས་སྒྲོག་འགྲེལ་སྙན་སྒྲོན་གནང་བ་རེད།
   སྙན་སྒྲོན་ཚོགས་འདུའི་ཐོག་ཁྲེན་ཅིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གི་ལོ་རྒྱུས་སློབ་སྦྱོང་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བཀླགས་ནས་འགྲེལ་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་བྱས་ནས་ཡག་པོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཞིང་། གསོན་ཉམས་དོད་པའི་དཔེ་མཚོན་མང་པོ་དང་ལྷག་དོན་དུ་སི་ཁྲོན་གྱི་ས་གནས་དེ་རང་གི་གསར་བརྗེའི་ཐོན་ཁུངས་དང་ཟུང་འབྲེལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་བརྒྱུད་རིམ་དང་། རླབས་ཆེན་གྱི་ལེགས་སྐྱེས། གསར་གཏོད་རིགས་པའི་གཞུང་ལུགས་སོགས་ཀྱི་ཐད་ཁྱོན་ཡོངས་ནས་འགྲེལ་བཤད་གནང་བ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པའི་ཐད་འགྲེལ་བཤད་ཞིབ་ཚགས་གནང་བ་རེད།
   “སྙན་སྒྲོན་ཚོགས་འདུ་ཉན་རྗེས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ནས་གསར་གཏོད་གསར་འབྱེད་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་སོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་སྔར་བས་ཚོར་བ་དང་། ‘སྲུང་སྐྱོང་གཉིས’ཐུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཕྱིན་སོང”ཞེས་སི་ཁྲོན་ཞིང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་དགེ་རྒན་ཆེན་མོ་བ་ཧྥེ་ཙེ་ཆིང་གིས་བཤད།
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་སྒྲོན་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཝུའུ་ཏེ་ཀང་གིས་སྒྲོག་འགྲེལ་སྙན་སྒྲོན་གནང་བ་རེད།
   སྙན་སྒྲོན་ཚོགས་འདུའི་ཐོག་ཝུའུ་ཏེ་ཀང་གིས་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་དཔེ་མཚོན་དང་། ཏང་གི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ཞིབ་ཚགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང“སྦྱོང་དགོས་དོན་གང་ཡིན་པ”དང“གང་ཞིག་སྦྱོང་དགོས་པ” “ཇི་ལྟར་སྦྱོང་དགོས་པ”སོགས་ཀྱི་གནད་དོན་གསལ་འགྲེལ་གནང་བ་རེད། ཁོང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ངོ་སྤྲོད་བྱས་ཤིང་། 
    ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཞིབ་ཀློག་ནན་ཏན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་འོད་སྟོང་འབར་བའི་བརྒྱུད་རིམ་དང་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
   “ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ན་ད་ཆའི་བདེ་སྐྱིད་འཚོ་བ་གང་ནས་བྱུང་བ་ཤེས་རྟོགས་ཟབ་མོ་བྱེད་ཐུབ། ང་ཚོ་ན་གཞོན་སློབ་མ་རྣམས་ཀྱིས་མུ་མཐུད་འབད་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་ལྡན་པའི་ཕུགས་བསམ་མངོན་འགྱུར་བྱེད་དགོས”ཞེས་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་ཚན་ཁག་བོད་རྒྱ་ཡིག་སྒྱུར་ཆེད་ལས་ཀྱི་སློབ་མ་བློ་བཟང་ཆོས་སྒྲོན་གྱིས་བཤད།
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་སྒྲོན་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བདེན་འཚོལ་དུས་དེབ་ཁང་གི་དེ་སྔའི་ཧྲེ་ཀྲང་ལི་ཅེས་སྒྲོག་འགྲེལ་སྙན་སྒྲོན་བྱས་པ་རེད།
   སྙན་སྒྲོན་ཚོགས་འདུའི་ཐོག་ལི་ཅེས་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ལེན་པར་དམིགས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བླང་བྱར་གཞི་ཚུགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་བྱས་པ་རེད།
   “ཏང་གི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་གཞག་གི་འགན་འཁུར་བ་ཞིག་གི་ངོས་ནས། སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ལ། འགན་འཁྲིའང་ཆེན་པོ་ཡིན་པ་གཏིང་ཟབ་ཚོར་བྱུང”ངེས་པར་དུ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་ལོ་རྒྱུས་སྙན་ངག་ཆེན་པོའི་ནང་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྟོགས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་མཐའ་འཁྱོངས་ལྷོད་མེད་བྱེད་དགོས་ཞེས་མཚོ་སྔོན་ཞིང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་ཀྲུའུ་རེན་གཞོན་པ་ཝང་ཧུའེ་ཡིས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1