ལི་ཁེ་ཆང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-31


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན་ནས་26ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁྲང་ཀྲོའུ་དང་ནན་ཅིང་དུ་རྟོག་ཞིབ་གནང་ཡོད་པ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཐོག བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ནུས་པ་དང་གོང་འཕེལ་གྱི་འགུལ་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ལི་ཁེ་ཆང་ཁྲང་ཀྲོའུ་ཧེང་ལི་གཤེར་གནོན་ཀུང་སིར་ཕེབས་ནས། ཐོན་ལས་དང་ལག་རྩལ་ཞིབ་བཟོའི་གནས་ཚུལ་ཐད་བཀའ་འདྲི་གནང་བ་དང་། ཁེ་ལས་ཀྱིས་སྒོ་དབྱེའི་མཉམ་ལས་ཁྲོད་གསར་གཏོད་ཟམ་མི་ཆད་པ་བྱས་ནས། སྙིང་རུས་ཆེན་པོས་དུས་གཏན་ལས་རིགས་ཡག་པོ་གཉེར་དགོས་པའི་སྐུལ་མ་གནང་ཡོད། ཁོང་གིས་ས་གནས་དེ་གའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་བཅུ་ལྷག་གི་འགན་འཁུར་བ་དང་སྤེལ་རེས་གནང་ཡོད། ཚང་མས། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་བཟོའི་གྲོན་དངུལ་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུའི་སྲིད་ཇུས་ཀྱི་སྐུལ་མ་ཐེབས་པས། ཁེ་ལས་ཀྱིས་ཞིབ་བཟོར་མ་འཇོག་བྱེད་ཚད་མང་དུ་ཤུགས་ཆེན་གཏོང་རྩིས་ཡོད་ཅེས་བསྟན་ཡོད། ལི་ཁེ་ཆང་གིས། རྒྱལ་ཁབ་ཀྱིས་འགྲོ་སོང་ལ་མ་བལྟོས་པར་དཔྱ་ཁྲལ་ཉུང་དུ་བཏང་བ་དེ་ནི་ཁྲོམ་ར་ཅན་དང་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་ཀྱིས་རྒྱུ་དངུལ་འགྲོ་སོང་ཆུང་ལ་དོན་གོ་ཆོད་པ་བྱས་ཏེ། ཁེ་ལས་ཀྱིས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན། གསར་གཏོད་ཡོད་ན་ཁེ་ལས་ལ་གཞི་ནས་འབྱུང་འགྱུར་ཡོང་སྲིད་ཅིང་། རྒྱལ་ཁབ་ལ་གོང་འཕེལ་དེ་བས་ལེགས་པ་ཡོང་ཐུབ་ཅེས་བསྟོད་བསྔགས་ཀྱི་ཚུལ་དུ་གསུངས་ཡོད་པ་རེད།
        ཁྲང་ཀྲོའུ་ཧྥུ་ཆང་གྲོང་གསར་དུ། ལི་ཁེ་ཆང་གིས་གྲོང་ཁུལ་གྱི་རྒན་གསོ་དང་བུ་བཅོལ་སོགས་ཀྱི་འཚོ་བའི་ཞབས་ཞུར་རྟོག་ཞིབ་གནང་ཡོད། རྒན་གསོ་ལྟེ་གནས་སུ། ཁོང་གིས་རྒན་རྒོན་གྱི་ཟ་འཐུང་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ས་གནས་དེ་གའི་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་རིན་མེད་ས་ཆ་དང་ཆུ་གློག་རླངས་མཁོ་སྤྲོད་བྱེད་སྟངས་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒན་གསོའི་ཞབས་ཞུ་གཉེར་བའི་ཐད་ཁས་ལེན་གནང་ཡོད། ལི་ཁེ་ཆང་གིས་གྲོང་མི་རྣམས་ལ། གྲོང་ཁུལ་དུ་ཁྱེད་ཚོའི་ཁྱིམ་ཚང་ཆུང་ཆུང་ཡོད་ལ། གྲོང་ཁུལ་ཡང་ཁྱེད་ཚོའི་ཁྱིམ་ཚང་ཆེན་མོ་ཡིན། གྲོང་ཁུལ་གྱིས་རྒན་གསོ་དང་བུ་བཅོལ་གྱི་ཞབས་ཞུ་སྒྲུབ་པ་དེས་ལས་ཀར་འགྲོ་མཁན་གྱི་ནང་མི་བློ་བདེ་པོ་ཡོང་ཐུབ། རྒན་རྒོན་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་དང་ན་གཞོན་ལ་སྔོན་དཔག་བྱེད་ཐུབ་པའི་འབྱུང་འགྱུར་ཡོད་པ། བྱིས་པ་ཚོ་གྲོང་ཁུལ་གྱི་ལྟ་རྟོག་འོག་འཚར་ལོངས་ཡོང་ཞིང་། དེ་བས་ཀྱང་གཅེས་སེམས་ལྡན་པ་ཡོང་ཐུབ་ཅེས་གསུངས་ཡོད་པ་རེད།
        ལི་ཁེ་ཆང་སྒེར་གྱི་ཞབས་ཞུའི་ས་ཚིགས་ཤིག་ཏུ་ཕེབས་ཡོད། དེ་གར་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་ཆུང་གྲས་འཚོང་རྒྱུ་ཡོད་ལ་ད་དུང་མྱུར་སྐྱེལ་ཅ་དངོས་ཚབ་སྐྱེལ་ཚབ་ལེན་བྱེད་ཀྱི་ཡོད། ལི་ཁེ་ཆང་གིས། ཁྱེད་རང་གི་ཞབས་ཞུས་ཚང་མར་སྟབས་བདེ་སྐྲུན་ཡོད་ལ་རང་ཉིད་ཀྱི་ཡོང་འབབ་ཀྱང་མང་དུ་བཏང་ཡོད་ཅེས་གསུངས་པ་དང་། ཁོང་གིས་ས་གནས་དེ་གའི་འགན་འཁུར་བར་མང་ཚོགས་སྟབས་བསྟུན་ལས་ཞུགས་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་དགོས། དེར་བྱས་ན་བྱེད་གཞི་ཆེན་པོ་ཡོད་ཅེས་མངག་བཅོལ་གནང་ཡོད།
        ལི་ཁེ་ཆང་གིས་ཅང་སུའུ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་བསྒྱུར་བཅོས་གོང་འཕེལ་གྱི་གནས་ཚུལ་སྙན་ཞུ་གསན་གནང་བ་མ་ཟད། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་གནས་པའི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་པ་སི་ཧྥུས་མ་དངུལ་མ་འཇོག་བྱེད་པའི་ཡང་པ་ཀུང་སིར་རྟོག་ཞིབ་གནང་ཡོད། ཁོང་གིས་ས་གནས་དེ་གའི་བློ་མཐུན་གྱིས་ལམ་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཤེས་ལྡན་མི་སྣ་སོགས་སྔོན་ཐོན་རྒྱུ་ཆ་གཅིག་སྡུད་བྱེད་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་བསྒྱུར་བཅོས་ཀྱི་མཐོ་ས་དང་སྒོ་དབྱེའི་འཐབ་ས་མདུན་མའི་འགྱེད་འཕྲོད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
        ལི་ཁེ་ཆང་ནན་ཅིང་སློབ་ཆེན་དུ་ཕེབས་ནས། རྨང་གཞིའི་ཞིབ་འཇུག་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། ཞིབ་འཇུག་གྲུབ་འབྲས་བརྗེ་བསྒྱུར་ཉེར་སྤྱོད་ཐད་གཟིགས་ཞིབ་གནང་བ། ཚན་ཞིབ་པ་རྣམས་ཀྱིས་ཁྱབ་ཁོངས་བརྒལ་ནས་རོགས་ལས་བྱ་རྒྱུ་དང་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་མ་གནང་ཡོད། ཁོང་དང་སློབ་གྲྭའི་ཡོན་ཧྲེ་རྣམས་ཀྱི་བར་མཛའ་བརྩེའི་སྤེལ་རེས་གནང་བ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་རྒྱུའི་ཐུགས་རེ་གནང་ཡོད། ལི་ཁེ་ཆང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ཐད་ཐུགས་ཁུར་གཟབ་བཞེས་གནང་ཞིང་། ཆེད་མངགས་སློབ་གྲྭས་སྙན་ཞུ་ཕུལ་བར་གསན་ཡོད། ཁོང་གིས་སློབ་མ་རྣམས་དང་སྤེལ་རེས་གནང་ནས། ད་ལོའི་སློབ་ཐོན་སློབ་མ་ཚོའི་ལས་ཞུགས་འདོད་མོས་དང་ལས་ཀའི་གན་རྒྱ་བཞག་ཚུལ་ལ་བཀའ་འདྲི་གནང་ཡོད། ལི་ཁེ་ཆང་གིས་རྒྱ་ཆེའི་སློབ་མ་རྣམས་ལ། ཁྱེད་ཚོས་ནན་ཅིང་སློབ་ཆེན་གྱི་གདམ་ཚིག་ནང་བསྟན་པའི་ཟོལ་མེད་ཁོག་ཡངས་ཞེས་པ་དེ་བློ་ལ་ངེས་ཏེ། སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བ་དང་། ཉེ་འགྲམ་གྱི་དོན་དག་ཆུང་ཙག་རེ་རེ་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ་བརྒྱུད། འབྱུང་འགྱུར་རླབས་ཆེའི་ཕུགས་བསམ་མངོན་འགྱུར་ཐུབ་པ་བྱས་ནས། སྤྱི་ཚོགས་དང་རྒྱལ་ཁབ་ལ་ཕན་འདོགས་པའི་མི་སྣ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
        ལི་ཁེ་ཆང་གིས་ཅང་སུའུ་ཡི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག རང་སོའི་བཟང་ཆ་དང་དཔལ་འབྱོར་ཞིང་ཆེན་ཆེན་པོའི་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱས་ཏེ། གོང་འཕེལ་ཉིད་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད། རྒྱལ་ཁབ་ཀྱི་གོང་འཕེལ་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
        ཞའོ་ཅེ་ཡིས་ཕེབས་རོགས་ཞུས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1