བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-02


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་7པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་གསུང་བཤད་ཅེས་པ་སྤེལ་ཡོད་པ་རེད།
        རྩོམ་ཡིག་ནང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་བྱེད་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་གི་བློ་མཐུན་ཡོངས་ནས་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་ཆེ་རུ་གཏོང་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། ལོ་རྒྱུས་སྦྱངས་ནས་ལག་བསྟར་ཐུབ་པ་བཅས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
        རྩོམ་ཡིག་ནང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་གལ་ཆེའི་དུས་མཚམས་དང་། ལོ་བརྒྱ་གཉིས་་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་དུས་མཚམས་འདིར། ཏང་ཡོངས་སུ་གཅིག་སྡུད་ཐོག་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དུས་དང་ཏག་ཏག་འཁེལ་བ་དང་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་རྒྱུ་དེ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ལྡོག་མེད་བླང་བྱ་ཞིག ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་རང་ངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན་ཞེས་བསྟན་ཡོད།
        རྩོམ་ཡིག་ནང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། དེ་ཡང་གཅིག་ནས་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་མུ་མཐུད་ཚོར་བ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོད་པའི་ཆབ་སྲིད་རང་རྟོགས་ཆེ་རུ་གཏོང་དགོས། གཉིས་ནས་ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་སྔར་བས་ཁོང་དུ་ཆུད་པ་བྱས་ནས་སྔ་ཕྱི་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ལག་ཏུ་འཛིན་དགོས། གསུམ་ནས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་བྱེད་ཤུགས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྔ་ཕྱི་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་སྲིད་ཏང་གི་རང་བཞིན་མི་འགྱུར་བ་བྱེད་དགོས། བཞི་ནས་ཏང་གི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་སྔར་ལས་ལྷག་པ་བྱས་ཏེ་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་མེད་པར་མཐོ་རུ་གཏོང་དགོས། ལྔ་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་སྔར་ལས་ལྷག་པ་བཏང་ནས་ དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། དྲུག་ནས་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་ཕྱོགས་སུ་བསྐྱོད་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
        རྩོམ་ཡིག་ནང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བར་དངོས་གཉེར་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བསམ་བློའི་གོ་གནས་མཐོ་རུ་གཏོང་བ་དང་། དོན་དངོས་ལ་གཞི་ཚུགས་པ། དྲང་བདེན་གསར་གཏོད་བཅས་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། དེ་ཡང་གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནས་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་འཛུགས་དགོས། གསུམ་ནས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་ངལ་ཏན་ཏིག་ངང་སེལ་དགོས། བཞི་ནས་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པར་དོ་སྣང་བྱ་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པ་དང་། གཞི་རིམ་དུ་ཁྱབ་པ། མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1