ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-06



          སྤྱི་ཚེས་2ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ལོ་ལྟར་གྱི་དུས་སྐབས་འདིར་ང་ཚོ་འོས་འགན་ཤིང་འཛུགས་ནང་མཉམ་དུ་ཞུགས་དོན་ནི་མི་ཚང་མས་རྩི་ཤིང་ལ་དགའ་བ་དང་། རྩི་ཤིང་འཛུགས་པ། རྩི་ཤིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཡ་རབས་སྲོལ་བཟང་དར་སྤེལ་བཏང་ཐོག ཚང་མར་ཤིང་འཛུགས་ནགས་བཟོ་དང་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་འགན་འཁྲིའི་འདུ་ཤེས་ཡོད་པ་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱི་རང་འགུལ་བྱ་སྤྱོད་ཅིག་ཏུ་ཆགས་པ་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཐུན་མོང་ཐོག་བསྐྲུན་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།
          དཔྱིད་ཀྱི་དཔལ་ཡོན་བཞད་པས་ས་གཞིའི་ཁྱོན་ལ་རྣམ་པ་གསར་པས་བཀླུབས། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་རླངས་འཁོར་ལ་ཞུགས་ནས་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་ཝུན་ཡུས་གཙང་པོའི་ཤིང་འཛུགས་སར་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད། 

          དེ་ནི་རྒྱ་ཁྱོན་ལ་མུའུ་320ཙམ་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་ཆ་ཞིག་ཡིན་པ་དང་། སྔོན་མ་དེ་གར་བྱེ་རྡོའི་རྒྱུ་ཆའི་བཟོ་གྲྭ་དང་བེད་མེད་ཟོག་རོ་ཕྱིར་བསྡུའི་ས་ཚིགས་སོགས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། བཤིག་སྤོས་བཅོས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་བྱས་པ་བརྒྱུད་ནས་དེ་གར་ཆུ་དང་རྩི་ཤིང་མཉམ་འདྲེས་དང་། སྐྱེ་དངོས་སྣ་ཚོགས། འབྱུང་ཁམས་དམངས་ཕན་བཅས་ཀྱི་འབྱུང་ཁམས་ཀྱི་བར་མཐོང་བསྐྲུན་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་རེད།
          ཞི་ཅིན་ཕིང་རླངས་འཁོར་ནས་བབས་མ་ཐག་ལྕགས་ཁེམ་བསྣམས་ནས་ཤིང་འཛུགས་སར་ཕེབས་ཡོད། དེ་གར་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། དེ་རྗེས་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུད་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ཤིང་འཛུགས་ལས་ལ་བྲེལ་གནང་ཡོད།
          གསོམ་སྡོང་དང་། གསོམ་སྡོང་ཐུང་བ། ཤིང་དམར་པོ། ཁམ་སྡོང་། མངར་འབྲས་སོགས་ཞི་ཅིན་ཕིང་གིས་བསྟུད་མར་སྡོང་ཕྲུག་6བཏབ་གནང་ཡོད། ཁོང་གིས་ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་ལྕང་ཆུ་འདྲེན་ཞོར་ཕྲུ་གུ་ཚོའི་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་སྦྱོང་བརྡར་གྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོར་ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་སྐྱེད་སྲིང་དང་ངལ་རྩོལ་ལ་དགའ་ཞེན་བྱེད་དགོས། ལས་ལ་བརྩོན་རྒྱུ་ནི་མིའི་གཞི་རྩའི་བྱང་ཚད་ཡིན་པའི་མངག་བཅོལ་གནང་བ་དང་། ཁོང་གིས། ཁྱོད་ཚོ་ཆེན་པོ་ཆགས་རྗེས་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡོང་རྒྱུ་རེད། ཁྱོད་ཚོས་ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱས་ཐོག སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་དགོས་ལ། གཟུགས་སྟོབས་ཆེན་པོ་དང་བློ་སྟོབས་ཆེན་པོ་ཡོང་བ་བྱས་ནས། མེས་རྒྱལ་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་གསུངས་གནང་ཡོད། ཤིང་འཛུགས་སར་ངལ་རྩོལ་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་ཚང་མ་དང་མཉམ་དུ་ལྗང་བུ་འཛུགས་པ་དང་ཆུ་འདྲེན་ནས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།
          གསར་དུ་བཏབ་པའི་སྡོང་ཕྲུག་དག་གིས་བསིལ་རླུང་གི་མདོང་བསུས་ནས་ཀྲོང་ངེར་ལངས་ཤིང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཤིང་འཛུགས་རིང་། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར། ད་ལོ་ནི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་ངོ་40ཡི་རིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྙིང་རུས་ལྷོད་མེད་བྱས་པས། མེས་རྒྱལ་གྱི་ས་གཞི་ཆེན་མོར་ལྗང་མདོག་ཇེ་མང་དུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་སྔར་བས་ཡག་ཏུ་ཕྱིན་ནས། གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། དེ་དང་ཆབས་ཅིག མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་དམིགས་ཚད་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་བསྡུར་ཚེ། རང་རྒྱལ་གྱི་ནགས་ཚལ་དང་རྩྭའི་ཐོན་ཁུངས་ཀྱི་བསྡོམས་འབོར་མི་འདང་བ་དང་སྤུས་ཚད་མཐོ་པོ་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་ངེས་པར་དུ་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཞེས་གསུངས་གནང་ཡོད།
          ཞི་ཅིན་ཕིང་གིས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་རེད། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་རྒྱུའི་ཐུན་མོང་གི་ངོས་འཛིན་དང་རེ་འབོད་ཅིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་མི་དང་རང་བྱུང་ཁམས་ཞི་མཐུན་ངང་གོང་འཕེལ་འགྲོ་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱིས་འབྱུང་ཁམས་ཤེས་དཔལ་གྱི་བསམ་བློ་ཕུན་སུམ་ཚོགས་སུ་བཏང་ཡོད། གོང་འཕེལ་གྱི་དུས་མཚམས་གསར་པས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་ལྗང་མདོག་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གོང་འཕེལ་གྱི་རླབས་རྒྱུན་ལ་སྣེ་ཁྲིད་ཧུར་ཐག་བྱེད་དགོས། ང་ཚོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་ནགས་ཚལ་གྱི་སྤུས་ཚད་ཡག་ཏུ་གཏོང་བ། འབྱུང་ཁམས་མ་ལག་གི་ཐཱན་བསྡུ་མང་དུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཀྱི་དམིགས་ཚད་མངོན་འགྱུར་དང་གོ་ལ་ཧྲིལ་པོའི་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་དེ་མི་ཚང་མའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཚང་མར་གནོད་འཚེ་མི་ཐེབས་པ་དང་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་བདེ་ཐང་ཡོང་བ་བྱ་རྒྱུ་དེ་རེད། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་གཏིང་ཟབ་སྤེལ་ནས། རྒྱལ་ཡོངས་ལ་སྐུལ་སློང་དང་དམངས་ཡོངས་ཀྱིས་ལག་པ་འགུལ་བ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། སྒྲིག་འཛུགས་དང་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འོས་འགན་ཤིང་འཛུགས་ནང་ཞུགས་པའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྣེ་ཁྲིད་དེ་ཤིང་འཛུགས་ཀྱི་འོས་འགན་ལག་བསྟར་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་བསྟར། ང་ཚོའི་ས་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་། མེས་རྒྱལ་གྱི་སྔོ་ལྗང་རི་ཆུ་སྲུང་སྐྱོང་བཅས་བྱས་ཏེ། མི་དམངས་རྣམས་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
          པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད་པ་རེད།  
 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1