ཞི་ཅིན་ཕིང་གིས་དོན་འདིའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ངེད་དྲ་བ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-09


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་འཚམ་པ་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་གཅིག་བསྡུས་བྱས་ཏེ། ཤར་ནུབ་རོགས་ལས་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཤར་ནུབ་རྒྱུད་ཀྱི་ཆ་སྒྲིག་རོགས་སྐྱོར་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཐོག ཐོན་ལས་མཉམ་ལས་དང་། ཐོན་ཁུངས་ཕན་ཚུན་ཁ་གསབ། ངལ་ལས་འབྲེལ་མཐུད། ཤེས་ལྡན་པ་སྤེལ་རེས་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཐེ་ཞུགས་བྱ་རྒྱུར་སྐུལ་སློང་བྱས་ཏེ། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་། མཉམ་ལས་གོང་འཕེལ། ཐུན་མོང་གོང་འཕེལ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས། ཀྲུང་དབྱང་གི་དམིགས་འཛུགས་རོགས་སྐྱོར་ཚན་པས་རོགས་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ། རོགས་སྐྱོར་བྱེད་ཐབས་གསར་གཏོད་བྱེད་པ། ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ་བཅས་བྱས་ནས། རོགས་སྐྱོར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། ཏང་ཡོངས་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        རྒྱལ་ཡོངས་ཀྱི་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དེ་སྤྱི་ཚེས་8ཉིན་ཉིང་ཤ་ཡི་ཡིང་ཁྲོན་དུ་སྐོང་འཚོགས་བྱས་པ་རེད། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། གོང་འཕེལ་གྱི་དུས་རིམ་གསར་པར་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཆ་འགྲིག་འབྲེལ་བ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ནས། རོགས་སྐྱོར་ལས་དོན་དང་ལས་བྱེད་པའི་དཔུང་ཁག་བརྟན་པོའི་ངང་བར་བརྒལ་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། རོགས་ལས་རོགས་སྐྱོར་བྱེད་ཐབས་གང་མགྱོགས་འཚོལ་ཞིབ་བྱས་ནས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ཐོག ཐོན་ལས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་མཉམ་ལས་ཤུགས་ཆེར་གཏོང་བ། སྤྱི་ཚོགས་བྱ་གཞག་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་ལས་ཁུངས་ཀྱིས་ལས་བྱེད་པ་འདེམས་གཏོང་དང་མ་དངུལ་གྱི་རྒྱབ་སྐྱོར། ཐོན་ལས་ལས་ཞུགས་རོགས་སྐྱོར་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་སྟེ། དམིགས་འཛུགས་རོགས་སྐྱོར་རྫོང་གོང་འཕེལ་གང་མགྱོགས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
        གྲོས་ཚོགས་ཐོག་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལ་མིང་རྟགས་འགོད་པའི་མཛད་སྒོ་གཉེར་བ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་ལས་དོན་དང་འབྲེལ་བ་ཡོད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཉིང་ཞ་དང་པེ་ཅིང་། ཅང་སུའུ། ཧྥུ་ཅན། ཀོང་ཏུང་། ཀུའེ་ཀྲོའུ། ཀན་སུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ནས་གྲོས་ཚོགས་ཐོག་གཏམ་བཤད་གནང་བ་རེད།
        ཤར་ནུབ་རྒྱུད་ཀྱི་རོགས་ལས་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་འབྲེལ་ཡོད་ཞིང་ལྗོངས་དང་གྲོང་ཁྱེར། ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་སྣེ་ཁྲིད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་གྲོང་གསེབ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུད་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1