༄༅།།ཞབས་ཆེན་ཕ་བོང་གི་ངོ་སྤྲོད།

རྩོམ་པ་པོ། པདྨ་ནོར་བུས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 04-13



ཞབས་ཆེན་ཕ་བོང་གི་ངོ་སྤྲོད།

དང་པོ། ཞབས་ཆེན་ཕ་བོང་གི་བྱུང་ཚུལ་དང་མིང་ཇི་ལྟར་བཏགས་པ། 

     རང་བྱུང་རྡོ་ཡི་ཁྱད་ཆོས་ངོ་མཚར་ཆེ་བའི་ཞབས་ཆེན་ཕ་བོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གང་འདྲ་ཞིག་ནས་བྱུང་ཡོད་མིན་གསལ་བཤད་དཀའ་ནའང་། ཕལ་ཆེར་ནང་བསྟན་བོད་དུ་མ་དར་བའི་ཡར་སྔོན་ཞིག་ནས་བོན་ཆོས་བོད་ལ་དར་བའི་ལོ་རྒྱུས་དང་འབྲེལ། གདོད་མའི་མི་ཡི་མཆོད་བསྟོད་ཀྱི་ཡུལ་ལྷ་དང་ཟོ་དོར་ཆེན་པོ་ཞབས་ཆེན་ཕ་བོང་ནི། གནའ་རབས་བོན་པོའི་དགོན་པ་ཞིག་གི་ཕ་མཁར་ཡིན་ཚུལ་ཟེར་ལ། ཕ་བོང་གི་མཐའ་སྐོར་རྡོ་རྩིག་དང་གྱང་གི་ར་བས་བསྐོར་ཏེ་ཕ་བོང་དེ་ར་བའི་ནང་དུ་བཅུག་ནས་ནང་བསྟན་གྱི་ཚུལ་དུ་བཞག་ཡོད་ཚུལ་བཤད་སྲོལ་ཡོད་འདུག ད་ལྟའང་གྱང་ར་དང་རྩིག་རྨང་གི་འགྲམ་གཞི་སོགས་མཇལ་རྒྱུ་ཡོད་པ་མ་ཚད། དེའི་ཉེ་འགྲམ་དུ་ཇོ་མོའི་དགོན་པ་ཞིག་ཡོད་པའི་ངག་རྒྱུན་འདུག་ཀྱང་། ཕྱིས་སུ་ནང་ཆོས་བོད་དུ་དར་བ་དང་འབྲེལ་ཕ་བོང་དེ་ལ་ཞབས་ཆེན་ཕ་བོང་ཞེས་གུ་རུ་རིན་པོ་ཆེས་ཞབས་རྗེས་ཆེ་ཆུང་གཉིས་ཡོད་པའི་ལུང་པ་མི་འདྲ་བ་གཉིས་ཡོད་སྟབས། དེ་ལྟར་ཞབས་རྗེས་ཆེ་བ་ལ་ཞབས་ཆེན་ལུང་པ་དང་། ཞབས་རྗེས་ཆུང་བ་ལ་ཞབས་ཆུང་ལུང་པ་ཞེས་ཟེར་སྲོལ་ཡོད་པ་རེད། ཞབས་ཆེན་ལུང་པའི་འདབས་སུ་ཕ་བོང་དེ་ཡོད་སྟབས་ཞབས་ཆེན་ཕ་བོང་ཞེས་མིང་དུ་ཐོགས་ཟིན་པ་དང་།  ལ་ལས་བོད་ཀྱི་ཕ་བོང་གྲོད་ལེབ་ཅེས་འབོད་ཀྱིན་འདུག  མདོར་ན་ཕ་བོང་གྲོད་ལེབ་དང་ཞབས་ཆེན་ཕ་བོང་གང་ཡིན་ཡང་བཤད་སྲོལ་ལ་བོད་ཀྱི་ཆོས་སྐལ་དུ་ཕ་བོང་དེ་རྒྱ་གར་ནས་བོད་ལ་འཕུར་ཡོང་བའི་ངག་རྒྱུན་འགའ་རེ་ཡོད་ཀྱང་། དེ་ནི་ཕྱིས་སུ་ནང་ཆོས་དར་ཁྱབ་ཆེ་བའི་བཤད་སྲོལ་ཞིག་ཡིན་པར་འདྲ། 

 ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
ཞབས་ཆེན་ཕ་བོང་།

ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
དུར་ཁྲོད་ཤུལ་གྱི་མ་ཎིའི་རྡོ་འབུམ།

 

གཉིས་པ།  ཞབས་ཆེན་ཕ་བོང་དང་བོན་ཆོས་བར་གྱི་འབྲེལ་བ།  

   ཞབས་ཆེན་ཕ་བོང་ངམ་བོད་ཀྱི་ཕ་བོང་གྲོད་ལེབ་དང་བོན་ཆོས་ལོ་རྒྱུས་བར་དུ་འབྲེལ་བ་དམ་ཟབ་ཡོད་པ་མ་ཚད།  གོང་ནས་ཞུས་པ་ནང་བཞིན་ཕ་བོང་དེ་ཐོག་མར་བོན་པོའི་དགོན་པ་ཞིག་གིས་བདག་དབང་བྱས་ཡོད་ཚུལ་དང་། དེའི་ཉེ་སར་ཇོ་མོའི་དགོན་པ་ཞིག་ཡོད་ཚུལ་བཤད་སྲོལ་ཡོད་པ་མ་ཚད། ད་ལྟར་གྱང་ཤུལ་གྱི་རྩིག་རྨང་འགྲམ་གཞི་ལ་བལྟས་ན། ཕལ་ཆེར་ཁང་པ་ལྟ་བུའི་རྩིག་རྨང་གི་རྗེས་ཤུལ་ཕྱི་ནང་གཉིས་ཀྱིས་ཕ་བོང་དེ་བསྐོར་ཡོད་ཚོད་འདུག་ལ། ཞིབ་ཏུ་བལྟས་ཚེ་ལྷ་ཁང་ཞིག་གམ་ཡང་ན་བཤད་གྲྭའི་རྣམ་པ་ལྟ་བུའི་ཁང་པ་གྲུ་བཞི་ཆེན་པོ་ཞིག་གི་ནང་དུ་ཕ་བོང་དེ་བཞག་ཡོད་པ་འདྲ་བོ་འདུག གཅིག་བྱས་ན་དེ་རུ་ལྷ་ཁང་ཡིན་པ་དང་། དགོན་པ་ལོགས་སུ་ཡོད་པ་འདྲ་བོ་ཞིག་འདུག་ཀྱང་སུ་ཞིག་གིས་འདི་མིན་དེ་རེད་ཅེས་གསལ་བཤད་ཤེས་ཀྱིན་མི་འདུག ཕ་བོང་གི་མདུན་ངོས་དེར་ཚ་ཁང་ཞིག་དང་། གནས་རྡོ་ཞིག་ཡོད་ལ། ཚ་ཁང་གི་གྱང་ཤུལ་ད་དུང་མཇལ་རྒྱུ་ཡོད་པ་མ་ཚད་གྱང་རལ་སློག་ཚེ་ཚ་ཚ་བུད་འོང་། འོན་ཀྱང་གནས་རྡོ་དེའི་གསལ་བཤད་ཤེས་མཁན་ད་དུང་མ་མཐོང་།

 

 ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
གུ་རུ་རིན་པོ་ཆེའི་ཞབས་རྗེས་ཆེ་བ།  ཞབས་ཆེན།

 

    གནའ་མྱི་ལ་ལས་ཟེར་ན་དགོན་པ་དེ་ཁྲོ་ཐུང་དགོན་པ་ཞེས་པ་ཨ་ཕྱུག་ཚུར་ཕྱོགས་ཀྱི་བོན་པོའི་དགོན་པ་ཞིག་ཡོད་པ་དེ་རེད་ཟེར་སྲོལ་ཡང་འདུག  

   ཞབས་ཆེན་ཕ་བོང་དང་ཐག་མི་རིང་བའི་སར་ཞིག་ལ། ས་དམར་སྣ་ཞེས་པའི་རི་གདོང་དེར་བོན་པོའི་སྡེ་བ་དང་། ཕ་བོང་དེའི་ཐད་ལ་རུ་ཁུག་ཅིག་ཡོད་པ་དེ་ལ་རོ་ཁུར་ཁུག་དང་བུ་ལག་འཇུ་ཟེར་བཞིན་ཡོད་ལ། དེ་ནི་སྔ་རབས་བོན་པོ་ཚོས་རོ་འཕེན་སའི་དུར་ཁྲོད་ཡིན་པས། ད་ལྟའང་ཁང་པ་ལས་སྐབས་མིའི་རུས་པ་སོགས་ས་འོག་ནས་རྙེད་ཡོང་ཚུལ་དང་།དུར་ཁྲོད་ཀྱི་ཤུལ་དུ་མ་ཎིའི་རྡོ་འབུམ་ཆུང་ཆུང་ཞིག་ཀྱང་མཇལ་རྒྱུ་ཡོད། དེ་བཞིན་ཉི་མ་ལུང་པ་དང་གཡག་མ་དར་སོགས་རོ་བཞག་ས་ཡིན་ཚུལ་བཤད་སྲོལ་ཡོད་ལ། ལྷག་པར་དུ་གཡག་མ་དར་ནི་བོན་པོས་རོ་བཞག་སྐབས་བང་སོ་ཞེས་བང་ཁང་གྲུ་བཞི་ཆུང་བ་ཞིག་གི་ནང་དུ་རང་ཉིད་ཀྱི་ཅ་ལག་ཡོ་ཆས་ཆ་ཚང་ས་འོག་ཏུ་སྦས་པའི་སྲོལ་ཞིག་ཡོད་ཚོད་འདུག 

    ཡུལ་ལྷ་དང་གཞི་བདག་གི་མིང་ལ་ལྷོ་ཟིལ་ཁྲོམ་གཡུང་དྲུང་རྡོ་རྗེ་ཞེས་བཀྲ་ཤིས་པ་དང་འགྱུར་བ་མེད་པའི་མིང་བཏགས་ནས་མཆོད་བསྟོད་བྱེད་སྲོལ་ཡོད་རེད་ཟེར།

ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
གྲོགས་རྡོ་སྤུངས་སའི་ཕ་བོང་།

 

གསུམ་པ། ཞབས་ཆེན་ཕ་བོང་དང་ནང་ཆོས་བར་གྱི་འབྲེལ་བ།  

   ཞབས་ནི་རྐང་བའི་ཞེ་ས་ཡིན་ལ། ལུང་པ་འདིའི་གཡས་ཕྱོགས་ཀྱི་ཁ་གཤོང་དེར་གུ་རུ་རིན་པོ་ཆེའི་ཞབས་རྗེས་ཞེས་པའི་ཆབ་ལྷམ་ཆེན་པོ་ཞིག་གི་རྗེས་ཤུལ་རྡོ་ངོས་སུ་ཧ་ཅང་གསལ་པོར་ཡོད་སྟབས། དེ་བཞིན་ཞབས་རྗེས་ཆེ་བ་ལ་ཞབས་ཆེན་ཞེས་མིང་དུ་ཐོགས་ཡོད་པ་དང་། ལུང་པ་དེའི་འདབས་སུ་ཕ་བོང་ངོ་མཚར་ཅན་ཞིག་ཡོད་སྟབས་དེ་ལ་ཞབས་ཆེན་ཕ་བོང་ཞེས་མིང་དུ་ཐོགས་པ་རེད།  སྤྱི་ལོ་1685ལོར་གྲུབ་ཐོབ་པདྨ་རིག་འཛིན་གྱིས་རྫོགས་ཆེན་དགོན་པར་གསར་དུ་འདེབས་སྐབས་ཞབས་ཆེན་ཕ་བོང་གི་ཉེ་ས་ཞིག་ཏུ་གུང་ཟས་བསྐོལ་ནས་བཞུགས་དུས། ཕུད་ཀོང་བྱ་ཕོ་རོག་གིས་ཁུར་བའི་ལོ་རྒྱུས་སོགས་ནི་རྫོགས་ཆེན་དགོན་པའི་ལོ་རྒྱུས་ལས་གསལ་པོར་གསུངས་ཡོད་སྟབས་འདིར་མ་བཀོད། སྐབས་དེར་པདྨ་རིག་འཛིན་དགུང་ལོ་དྲུག་ཅུ་རེ་གཅིག་ཡིན་པ་མ་ཚད་ཕྱག་རྟེན་བསྣམས་ནས་བྱོན་ཡོད་སྟབས།  ཞབས་རྗེས་དང་ཕྱག་རྟེན་གྱི་རྗེས་ཤུལ་ཞབས་ཆེན་ལུང་པའི་ཆུ་འགྲམ་གྱི་རྡོ་ཐོག་ཏུ་ད་དུང་གསལ་པོར་མཇལ་རྒྱུ་ཡོད་པ་རེད། ཕྱིས་སུ་པདྨ་རིག་འཛིན་སྐུ་ཕྲེང་རིམ་བྱོན་དབྱར་སྐྱིད་ཞབས་ཆེན་ཐང་དུ་བཞུགས་པ་མ་ཚད། སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ་སྐུ་ཉིད་སྡེ་དགེ་རྒྱལ་པོའི་དབུ་བླ་བྱས་ནས། སྡེ་དགེར་བྱོན་པ་དང་ཡང་ན་དགོན་པའི་དོན་ཆེན་སྒྲུབ་སྐབས་གྲོགས་རྡོ་སྤུང་བ་ཞེས་ཞབས་ཆེན་ཕ་བོང་གི་ཚུར་ཕྱོགས་དེར་རྡོ་ཕུང་བྱེད་སྲོལ་ཡོད་སྟབས་དེ་ལྟར་གྲོགས་རྡོ་སྤུངས་སའི་སྒང་ཞེས་མིང་དུ་ཐོགས་པ་རེད།

 ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
ཕ་བོང་ངོས་ཀྱི་གནས་མར།

ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
འདོད་ཆགས་བྱ།

 

བཞི་པ།  ཞབས་ཆེན་ཕ་བོང་དང་ངག་རྒྱུན་བར་གྱི་བཤད་སྲོལ། 

     ཞབས་ཆེན་ཕ་བོང་གི་ཉེ་སར་གནས་རྡོ་མང་བ་དང་། ཕ་བོང་གི་ངོས་སུ་གནས་མར་སྦྱར་བ་ནི་ཡུལ་འདིའི་ལུགས་སྲོལ་ཞིག་རེད།  གནས་མར་གྱིས་ཤ་འཛེར་དང་འབྲི་མོའི་ནུ་མ་རྨ་འབྱིན་པའི་ནད་ལ་ཕན་པ་དང་།  གནས་རྡོ་ལ་རིགས་མང་བ་མ་ཚད་འདོད་ཆགས་བྱ། ཞེ་སྡང་སྦྲུལ། གཏི་མུག་ཕག་ཅེས་རང་བྱུང་གི་རྡོ་དང་སྲོག་ཆགས་བར་དུ་ཕྱོགས་འདྲ་ཆོས་ཉིད་མང་པོ་ཞིག་བཤད་རྒྱུ་ཡོད་པ་རེད། དེ་བཞིན་དམངས་ཁྲོད་ཀྱི་ངག་རྒྱུན་ལ་ཡང་དུག་གསུམ་རྡོ་དང་བྱ་ཕག་སྦྲུལ་སོགས་ཟེར་སྲོལ་ཡོད་པ་རེད།

 

 ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
ཕ་བོང་འགྲམ་གྱི་གནས་རྡོ།

 

ལྔ་བ། རྡོ་ཡི་སྦྲུལ་ཞིག་དང་གེ་སར་བར་གྱི་གཏམ་རྒྱུད།   

     བོད་ཡུལ་གྱི་ས་ཆ་མང་ཆེ་བ་ཞིག་ལ་གེ་སར་རྒྱལ་པོའི་གཏམ་རྒྱུད་དང་འབྲེལ་བའི་བཤད་སྲོལ་ཡ་མཚན་ཅན་རེ་ཡོད་པ་རྒྱུན་ལྡན་རེད།  དེ་བཞིན་རྫོགས་ཆེན་འབྲོག་རུ་སྡེ་བ་ནི་རྒྱ་ཚའི་འབྲོག་པ་དང་། སྐྱ་ལོ་ཚང་གི་ཁྱིམ་རྒྱུད་ཡིན་པའི་བཤད་སྲོལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། གང་ལྟར་གླིང་དང་གེ་སར་གྱི་སྒྲུང་གཏམ་སྐོར་ནས་ཐག་མི་རིང་བའི་ས་གནས་ཤིག་ཡིན་པ་ཚང་མས་ཤེས་གསལ་ལྟར་ཡིན་མོད། ས་མིང་ལ་རྨོག་ཆེན་རྨོག་ཆུང་ཞེས་གེ་སར་གྱི་ཁྲབ་རྨོག་སྦས་གནས་ཡིན་ཚུལ་དང་། རྡོ་མིང་ལ་གེ་སར་གྱི་རྐྱང་ལུ་སྟོད་ཕུར་དང་།  གེ་སར་རྒྱལ་པོའི་བཞུགས་ཁྲི། བསང་ཁྲི།  གཡང་སྒྲོ་སོགས་གེ་སར་དང་འབྲེལ་བའི་བཤད་སྲོལ་མང་པོ་ཡོད་ལ། དེ་སྔོན་ཡིག་ཚོགས་སུ་བཀོད་མེད་ཀྱང་། གེ་སར་གྱིས་གྲི་གཡུགས་ནས་དུག་སྦྲུལ་ཞིག་དུམ་བུ་གསུམ་དུ་གཏུབས་ནས་འགྲོ་དོན་མཛད་ཚུལ་གྱི་བཤད་སྲོལ་ཞིག་ཀྱང་འདུག གེ་སར་གྱིས་གྲི་གཡུགས་ནས་དུག་སྦྲུལ་དེ་དུམ་བུ་གསུམ་དུ་གཏུབས་རྗེས་རྫུ་འཕྲུལ་གྱིས་དུག་སྦྲུལ་དེ་རྡོ་སྦྲུལ་ཞིག་ཏུ་བསྒྱུར་བའི་རྡོ་སྦྲུལ་ནི་ད་དུང་མཇལ་རྒྱུ་ཡོད་ལ།   དེ་ནི་ན་གཞོང་ཐང་གི་ཡར་འགྲམ་ཞབས་ཆེན་ཕ་བོང་གི་ཉེ་སར།  སྦྲུལ་དེའི་མགོ་བོ།  རྐེད་པ།  རྔ་མ་གསུམ་པོ་དུམ་བུ་གསུམ་དུ་གཏུབས་པ་མཇལ་རྒྱུ་ཡོད། དུག་སྦྲུལ་འདིའི་ལོ་རྒྱུས་ངག་ཐོག་ནས་བཤད་སྲོལ་ལྟར་ན། རྒྱ་མཚོ་ཡར་གཤོང་མར་གཤོང་ཞེས་རྒྱང་རིང་ནས་བལྟས་ན་མཚེའུ་འཁྱིལ་ཤུལ་འདྲ་བའི་རི་ཁུག་སྙོམ་པོ་མཐོ་དམའ་གཉིས་ཡོད་ལ།  སྔོན་ཆད་དེ་རུ་མཚེའུ་ཆེ་ཆུང་གཉིས་ཡོད་སྟབས་རྒྱ་མཚོ་ཡར་གཤོང་དང་མར་གཤོང་ཞེས་ཟེར་སྲོལ་ཡོད་ཀྱང་། དུག་སྦྲུལ་དེ་རི་སྒང་ནས་ནུབ་སྟེ་མཚེའུ་ཆེ་ཆུང་གཉིས་ཀ་འཇིབ་ནས་འགྲོ་གྲབས་བྱེད་དུས། ནར་གཞོང་ཐང་དཀྱིལ་ནས་ཞབས་ཆེན་ཕ་བོང་གི་ཉེ་སར་སླེབ་སྐབས། གེ་སར་གྱིས་གྲི་གཡུགས་ནས་དུམ་བུ་གསུམ་དུ་གཏུབས་ཏེ་ནག་ཕྱོགས་ཀྱི་དབུ་འཕང་ཉམས་སུ་འཇུག་པའི་རྟེན་འབྲེལ་གྱི་བཤད་སྲོལ་འདི་འདྲའང་མང་པོ་འདུག

ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
གཏི་མུག་ཕག

ཞབས་ཆེན་ཕ་བོང་གི་ངོ་སྤྲོད།
ཞེ་སྡང་སྦྲུལ།

 

དྲུག་པ། ཞབས་ཆེན་ཐང་དང་སྤྱི་གླིང་རྣམ་པ། 

   ཞབས་ཆེན་ཐང་ནི་ཡུལ་དགོན་གཉིས་ཀྱི་དབྱར་དཔྱིད་དུས་ཀྱི་སྤྱི་གླིང་ཞིག་ཡིན་ལ།   ཡུལ་སྡེའི་རྟ་རྒྱུགས་གར་འཆམ།  དགོན་སྡེའི་ངལ་གསོ་དབྱར་སྐྱིད།  ཕྱི་ཕྱོགས་མགྲོན་པོའི་ཆོས་མཇལ་བྱེད་ས།   ཡུལ་སྡེའི་མི་དམངས་རྣམས་ཀྱིས་སྐོར་བ་བྱེད་ཡུལ་ཞིག་ཡིན་ཡང་།   མིག་སྔའི་གནས་བབ་ལ་བསམ་ན་འགྲོ་ལམ་དང་ཆ་རྐྱེན་དེ་འདྲའི་སྟབས་བདེ་ཞིག་མིན་ནའང་།   ས་ཆ་འདི་ནས་དབྱར་དུས་གངས་རི་མཐོང་བ།  དགུན་དུས་ཚ་ཆུ་དང་ཁ་ཐག་ཉེ་བ།  སྤང་ཐང་གི་གཞོན་ཉམས་དང་།  རྫ་རིའི་རྫིག་ཉམས། རྫ་ཆུའི་རླབས་སྒྲ་དང་མེ་ཏོག་གི་ཚོམ་བུ་སོགས་ནི་སུས་ཀྱང་བཤད་ན་མི་ཤེས་པའི་གཞོན་ནུ་མ་ཞིག་གི་སྒེག་ཉམས་དང་འདྲ་བར།   ཡིད་དུ་འོང་ལ་ཉམས་དང་ལྡན་པའི་རང་བྱུང་གི་ཁོར་ཡུག་ཡ་མཚན་པ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1