ཞི་ཅིན་ཕིང་གི་བཀའ་མངག་ལྟར་ཧེའི་ནན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 04-14


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས་ཧའེ་ནན་གྱིས་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་སྒྲོམ་གཞི་ཐོག་མའི་ཆ་ནས་བཙུགས་ཟིན་པ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2018ལོའི་ཟླ4ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧའེ་ནན་གྱིས་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྐབས། ཏང་ཀྲུང་དབྱང་གིས་ཧའེ་ནན་གྱི་གླིང་ཕྲན་ཧྲིལ་པོར་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་དང་། ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་རིམ་བཞིན་འཚོལ་ཞིབ་དང་བརྟན་པོའི་ངང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། གོ་སྟབས་དབྱེ་བ་དང་དུས་མཚམས་དབྱེ་ནས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
        ལོ་གསུམ་རིང་དང་ལྷག་པར་དུ་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི༽དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་ནས་བཟུང་། ཧའེ་ནན་གྱིས་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་སྒྲོམ་གཞི་ཐོག་མའི་ཆ་ནས་བཙུགས་ཡོད། 
        རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཕྱོགས་དང་པོ་ལྷུག་ཏུ་བཏང་བ་དང་།འཐབ་ཕྱོགས་གཉིས་པར་དོ་དམ་ཐུབ་པ། ལས་སྣོན་གྱི་འཕར་སྣོན་རིན་ཐང་30%ལས་བརྒལ་བ་རྣམས་ལ་སྒོ་ཁྲལ་མི་བསྡུ་བའི་སྲིད་ཇུས་བློ་ལ་བབས་པའི་རྐྱེན་གྱིས། རྒྱལ་ཁབ་སྨན་རྫས་བདེ་ཐང་རྣམ་གྲངས་ཀྱི་ཐོན་ལས་རྟེན་གཞིའི་བཟོ་གྲྭ་རིང་མིན་དུ་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།རྒྱལ་སྨན་བདེ་ཐང་ཐོན་ལས་ཧའེ་ནན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཡའོ་ཆི་ཡིས། ཀུང་སིའི་མ་བཅོས་རྒྱུ་ཆ་མང་ཆེ་བ་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་དང་། ཐོན་སྐྱེད་རྟེན་གཞི་ཧའེ་ནན་དུ་བཙུགས་པ། ལས་སྣོན་བྱས་རྗེས། ནང་ས་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དུ་ཕྱིར་འཚོང་བྱས་ཡོད། སྒོ་ཁྲལ་གཅིག་པུའི་ཆ་ནས་བལྟས་ཀྱང་བརྒྱ་ཆ་9ནས་15བར་གྲོན་ཆུང་བྱེད་ཐུབ། གལ་ཏེ་དེའི་སྟེང་ད་དུང་ཁྲལ་སྲུང་གྲུ་ཁའི་ཟོག་འདྲེན་གྱི་བཟང་ཆ་དང་། ཟོག་འདྲེན་གྱི་མ་གནས་གྲོན་ཆུང་བྱས་པ་བཅས་ཕྱོགས་ཡོངས་ནས་བལྟས་པ་ཡིན་ན། ཕལ་ཆེར་བརྒྱ་ཆ་15ནས་20བར་གྲོན་ཆུང་ཐུབ་ཀྱི་རེད། དེ་ཁེ་ལས་ཀྱི་ངོས་ནས་བཤད་ན་མ་འཇོག་གི་བཟང་ཆ་ཧ་ཅང་མངོན་གསལ་དོད་པོ་ཞིག་རེད་ཅེས་བཤད་ཡོད་པ་རེད།
        རྒྱལ་ནང་གི་ཁྲོམ་ར་ཆེན་པོའི་རྒྱབ་བརྟེན་ཡོད་པ་དང་། རང་མོས་ཉོ་ཚོང་གྲུ་ཁ་ནི་དེང་སྐབས་འཛམ་གླིང་ཐོག་གི་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་རྣམ་པ་ཞིག་ཡིན་པ་བརྟེན། ཁྲོམ་རའི་བྱེད་པོ་མང་པོ་ཞིག་གིས་ཧའེ་ནན་འདི་ཉིད་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུ་དང་འཛམ་གླིང་ཕྱོགས་སུ་སྐྱོད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། དབྱང་ཕུའུ་ལས་དོན་ཨུ་ལྷན་རང་མོས་ཉོ་ཚོང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཡེ་དབྱང་གིས། ཕྱི་ཕྱོགས་སུ་མ་དངུལ་འཇོག་པར་སྔོན་ཆད་ཟིན་ཐོ་ཡག་པོ་བཀོད་པའི་ཁེ་ལས་ཁ་ཤས་ལ་ང་ཚོས་ཐོ་འགོད་སྙན་སེང་ངམ་ཡང་ན་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་གཏོང་ཆོག་ཅིང་། 2025ལོའི་གོང་ཐོན་ལས་དང་ཁེ་ལས་འདི་རིགས་ཀྱིས་ཐད་ཀར་ས་ཁོངས་ཕྱི་རོལ་དུ་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཕྱིར་ལོག་ཐོབ་ཆའི་སྒོ་ཁྲལ་རྩ་ཆག་གཏོང་རྒྱུ་དང་། ཁེ་ལས་ཚང་མ་དབྱང་ཕུའུ་ནས་ཕྱིར་བསྐྱོད་རྒྱུ་སྔར་བས་སྟབས་བདེ་རུ་བཏང་སྟེ་ཀྲུང་གོའི་ཁེ་ལས་ཕྱིར་སྐྱོད་པའི་ཟམ་སྣེའི་བཙན་རྫོང་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        2020ལོའི་ཟླ་བ་6ཚེས་1ཉིན་ཁྱབ་བསྒྲགས་བྱས་པའི༼ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི༽གཞིར་བཟུང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་དུས་མཚམས་དང་གོ་རིམ་དབྱེ་ནས་སྒོ་ཁྲལ་མི་བསྡུ་བ་དང་། ཁྲལ་ཚད་དམའ་བ། ཁྲལ་བསྡུའི་ལམ་ལུགས་སྟབས་བདེ་རུ་གཏོང་བ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཙའུ་ཅ་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲེལ་ཡོད་ཀྱི་ནོར་ཁྲལ་སྲིད་ཇུས་12ཡོད་པའི་ནང་ནས་མིག་སྔར་ཁག་9བཏོན་ཟིན་པ་རེད། སྲིད་ཇུས་ཁག་དགུ་པོ་དེ་དག་གིས་ཧའེ་ནན་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་གྱི་ཐོག་མའི་གྲུབ་འབྲས་གྲུབ་ཡོད་པ་དང་། གཙོ་བོ་ཕྱོགས་བཞིའི་ཐད་ནས་ནུས་པ་འདོན་སྤེལ་བྱས་ཡོད་པ་སྟེ། གཅིག་ནི་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། གཉིས་ནི་ཐོན་ལས་གྲུབ་གཞི་ལེགས་འགྱུར་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱས་པ། གསུམ་ནི་མཐོ་ལེགས་རྩེ་དཀོན་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱས་པ། བཞི་ནི་ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པའི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་བཅས་ཡིན།
        རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་གྱི་འབྲེལ་མཚམས་ཁུལ་གཏོད་པ་དང་། ཧའེ་ནན་གྱིས་ཀྱང་རྩེར་སོན་གྱི་འཛད་སྤྱོད་ཕྱིར་ལོག་ཐད་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། ལིང་ཧྲུའེ་ལི་ཨན་རྒྱལ་སྤྱིའི་སློབ་གསོའི་གསར་གཏོད་གླིང་ཕྲན་ནི་རང་རྒྱལ་གྱི་སློབ་གསོ་ཕྱི་ཕྱོགས་སྒོ་དབྱེས་ལས་འགན་གཙོ་བོ་བྱེད་པའི་གླིང་ཁུལ་ཉག་གཅིག་དེ་ཡིན་པ་དང་། མིག་སྔར་ཕྱི་རྒྱལ་གྱི་མཐོ་སློབ་11དང་རྒྱལ་ནང་གི་མཐོ་སློབ་5དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཧའེ་ནན་དུ་སློབ་སྦྱོང་བྱེད་པ་དེ་ཡུན་རིང་མ་སོང་བར་དོན་དངོས་སུ་འགྱུར་རྒྱུ་དང་། གླིང་ཕྲན་དང་བྲལ་ནས་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་གསར་པ་ལག་བསྟར་བྱས་ཚུན་ཉིན་རེར་ཆ་སྙོམས་བྲིན་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.3ལས་བརྒལ་བ་དེ་དུས་མཚུངས་ལས་ལྡབ་2ལྷག་ཙམ་འཕར་ཡོད་པ་རེད།
        འདི་ལོའི་ཟླ་བ་ལྔ་པར་འཚོག་ཉེར་ཡོད་པའི་ཀྲུང་གོའི་འཛད་སྤྱོད་དངོས་རྫས་ཀྱི་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག་རྒྱལ་ཁབ་དང་ས་ཁུལ་69ནས་ཡོང་བའི་ཁེ་ལས་630འགྲེམས་ཚོགས་ནང་ཞུགས་རྒྱུ་ཡིན་པ་དང་། རྒྱལ་ནང་གི་ཁེ་ལས་800ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ་རེད། ཧའེ་ནན་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཧན་ཧྲེང་ཅན་གྱིས་ཧའེ་ནན་དུ་འཛད་སྤྱོད་དངོས་རྫས་ཀྱི་དངོས་མང་སྟོན་ཚོགས་གཉེར་བ་དེས་ཧའེ་ནན་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་གལ་ཆེའི་འཐབ་ཇུས་ཀྱི་གནས་གཞིའི་ཐོག་བཟུང་བའི་གནས་བབ་གལ་ཆེན་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། ཕྱོགས་གཅིག་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་སྤུས་དག་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་རོགས་རམ་བྱ་རྒྱུ་དང་ཕྱོགས་གཞན་ཞིག་ནས་རྒྱལ་ཡོངས་ཀྱི་འཛད་སྤྱོད་སྤུས་དག་ཐོན་རྫས་གོ་ལ་ཧྲིལ་པོར་འདོན་རྒྱུར་སྟེགས་བུ་གལ་ཆེན་ཞིག་ཀྱང་གཏོད་རྒྱུ་རེད་ཅེས་བཤད་པ་རེད།
        རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚུང་ལེའང་གིས་ལོ་གསུམ་རིང་ཧའེ་ནན་གྱིས་ལམ་ལུགས་གཅིག་སྡུད་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཉོ་ཚོང་མ་འཇོག་རང་མོས་སྟབས་བདེ་དང་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་ངང་འཁོར་སྐྱོད་བྱ་རྒྱུར་དམིགས་ཏེ། མ་ལག་གཅིག་སྡུད་དང་མཐུན་སྦྱོར་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱབ་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་བྱས་ཏེ་བཏོན་པས་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བདེ་བླག་ངང་ལས་འགོ་འཛུགས་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བཤད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར་སྲིད་ཇུས་ཡིག་ཆ་110ལྷག་ཙམ་ཁྱབ་བསྒྲགས་བྱས་ཟིན་པ་དང་། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་སྒྲོམ་གཞི་ཐོག་མའི་ཆ་ནས་བཙུགས་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1