ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-15



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་ལས་རིགས་སློབ་གསོར་མདུན་ལྗོངས་རྒྱ་ཆེ་ཞིང་ནུས་པ་ཆེན་པོ་ལྡན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ཀུན་སྤྱོད་ལེགས་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་སློབ་གསོའི་རྣམ་པའི་གཏན་གནས་ལེགས་སྒྱུར་བྱེད་པ་དང་ཐོན་སློབ་མཉམ་བསྲེས་དང་སློབ་ཁེ་མཉམ་ལས་རྒྱ་ཆེར་སྤེལ་ཞིང་མི་གསོ་སྐྱོང་རྣམ་པ་དང་སློབ་སྒྲུབ་དཔེ་དབྱིབས། དོ་དམ་སྒྲིག་སྲོལ། འགན་སྲུང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བརྟན་བརླིང་སྒོས་ལས་རིགས་དང་དངོས་གཞིའི་ཚན་ཁག་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ལ། ཆུ་ཚད་མཐོ་བའི་ལས་རིགས་སློབ་གླིང་དང་ཆེད་ལས་སྐོར་ཞིག་འཛུགས་སྐྲུན་བྱེད་པ་དང་། ལས་རིགས་དང་དཀྱུས་མ་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་ནས་ལས་རིགས་སློབ་གསོའི་མཐུན་ཐབས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་མྱུར་དུ་གསར་སྐྲུན་བྱེད་པར་མ་ཟད། སྔར་ལས་མང་པོའི་ལག་རྩལ་གྱི་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་དང་ལག་ཤེས་པ་སྐྱེད་སྲིང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལམ་ལུགས་གསར་སྐྲུན་དང་སྲིད་ཇུས་མཁོ་འདོན། དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣའི་སྤྱི་ཚོགས་གོ་གནས་མཐོར་འདེགས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་ཡོད་ཤེས་ལྡན་མི་སྣ་དང་རྩལ་ནུས་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ལས་རིགས་སློབ་གསོ་ནི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ལས་ཞུགས་ལས་སྤེལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་གསར་བཟོ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞི་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པར་མ་ཟད། ཧུར་ཐག་སྒོས་ཆུ་ཚད་མཐོ་ཞིང་རིམ་པ་མང་པོའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་འཛུགས་སྐྲུན་བྱེད་དགོས། ལས་རིགས་སློབ་གྲྭའི་དགེ་རྒན་དཔུང་སྡེ་དང་སློབ་སྒྲུབ་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་བསླབ་དེབ་དང་སློབ་ཁྲིད་ཀྱི་རྣམ་པ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སློབ་ཁྲིད་ལམ་ལུགས་འཚོལ་ཞིབ་བྱེད་དགོས་ལ། ཧུར་ཐག་སྒོས་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་དུང་ཕྱུར་མང་པོ་སྐྱེད་སྲིང་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།
        རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་ཚོགས་ཆེན་ཟླ་བཞི་པའི་ཚེས་བཅུ་གཉིས་དང་ཚེས་བཅུ་གསུམ་ཉིན་གཉིས་ལ་པེ་ཅིན་ནས་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
        རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཞོ་ཅེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཧྲན་ཏུང་དང་ཅང་སུའུ། ཅང་ཞི། ཀན་སུའུ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་སོགས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1