གཙོ་ངོས།>> ཞིབ་འཇུག>>དཔྱད་རྩོམ།

རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༡༦ཉིན།

༄༅༎གེ་སར་སྒྲུང་གི་ས་མིང་ཞིབ་འཇུག་ བཀླགས་པའི་ཞར་ལ་ཤོར་བའི་གཏམ་ མ་དག་རྙོག་མ་བགྲུང་པའི་ ཀེ་ཏ་ཀ་བྱ་བ་བཞུགས།

དེ་ཡང་གྲོགས་མཆོག་དམ་པ་ཨ་དཀར་པོ་ལགས་ཀྱིས་སྨན་ཤུལ་རིན་ཆེན་རྡོ་རྗེས་བྲིས་པའི་གེ་སར་སྒྲུང་གི་ས་མིང་ཞིབ་འཇུག་གི་དེབ་ཆེན་ཞིག་བསྐུར་གནང་བར་སྤྲོ་བ་ཆེན་པོས་རགས་རིམ་ཞིག་མཇལ་བས་སྤྱིའི་ཆ་ནས་བསམ་ན་གླིང་གེ་སར་གྱི་དཔྱད་གཞིའི་རྒྱུ་ཆ་ལེགས་པ་ཞིག་ཏུ་བྱུང་འདུག་པ་མཐོང་མོད།    འོན་ཀྱང་སྡེ་གླིང་གཉིས་ཀྱི་ཕྱོགས་སོགས་ནས་མིང་དོན་ནོར་བ་འགའ་མཐོང་བ་འདི་ལྟར་ཏེ། 

༦༽ ཨང་གྲངས་འདི་ནི་ཤོག་ལྷེའི་གྲངས་ཀ་ཡིན།  ཐོག་མར་ཁྱོད་ཀྱིས་ཨ་མེས་བྱང་ཆུབ་འདྲེ་བཀོལ་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་དེ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་རླངས་ཀྱི་པོ་ཏི་བསེ་རུའི་རྩོམ་པ་པོའི་ལོ་རྒྱུས་རགས་བསྡུས་ཞེས་པའི་ནང་ལུང་འདྲེན་བྱས་ནས་བཤད་འདུག་མོད།  འོན་ཀྱང་དེ་ལས་རླངས་སྟོན་སྤྱི་ལོ་༩༦༨ལོར་འཁྲུངས་པར་བཤད་པ་ནི་ལོ་གཅིག་ནོར་བ་ཡིན་ཏེ།  དེ་ནི་ཁྱོད་རང་གིས་བཤད་པ་ལྟར་རླངས་སྟོན་དགུང་ལོ་བརྒྱ་དང་བརྒྱད་བཞེས་པ་རབ་བྱུང་དང་པོའི་མེ་འབྲུག་༡༠༧༦ལོར་གཤེགས་པ་ནི་པོ་ཏི་བསེ་རུའི་གཞུང་དང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ཞལ་གསལ་མཛད་པ་ལྟར་ལགས་པས།  དེ་ལྟར་ན་རླངས་སྟོན་འཁྲུངས་པའི་ལོ་དེ་རང་བྱུང་དང་པོའི་སྔོན་གྱི་དྲུག་ཅུ་སྐོར་དེའི་ས་སྦྲུལ་སྤྱི་ལོ་༩༦༩ལོར་ཡིན་དགོས་པ་ལས།  ས་འབྲུག་༩༦༨ལོར་བྱས་ན་སྐུ་གཤེགས་པའི་ལོ་དེར་ཨ་མེས་ཞབས་དགུང་ལོ་བརྒྱ་དང་དགུ་བཞེས་པར་འགྱུར་ལ།  དེ་ལྟར་ན་ཨ་མེས་ཀྱི་གསུང་ལས།  མི་ལོ་བརྒྱ་དང་རྩ་བརྒྱད་པར།  །ནག་སོག་གཉིས་ཀྱི་ཁ་བར་ན།  །ཞེས་པ་དང་འགལ་བའི་ཕྱིར་རོ།  ། 

༦༽  གླིང་རྗེ་གེ་སར་གྱིས་རླངས་སྟོན་གླིང་ཡུལ་དུ་གདན་དྲངས་ནས་བླ་མ་བསྟེན་པར་བཤད་པ་ལས་ཨ་མཆོད་འདོན་དུ་གདན་མ་དྲངས་པས།  གླིང་རྗེས་ཨ་མེས་ཞབས་གདན་དྲངས་ནས་ཨ་མཆོད་ལ་བསྟེན་ཟེར་བ་ཅི་ཡིན་མ་གོ  །འོན་ཀྱང་མཆོད་གནས་ལ་བསྟེན་པའི་དོན་ཡིན་ན་འགལ་བ་མེད། 

༧༽  པོ་ཏི་བསེ་རུ་ལས་གླིང་རིང་གི་མི་ཚོ་ཞེས་པ་ནི་གླིང་གི་མི་དེ་ཚོའམ་གླིང་རང་གི་མི་དེ་ཚོ་ཞེས་པའི་དོན་ལས་སྟག་རོང་མི་མཚོ་དམར་པོ་ཟེར་བ་ག་ལ་ཡིན།  ༩༽ཡུལ་ཤུལ་ནང་ཆེན་རྟ་རྣ་དགོན་གྱི་ཉེ་འདབས་ལྕིའི་གཡོ་གུ་སྟེང་གི་ཆུ་ཡར་ཁ་བ་དང་།  ཆུ་མར་ཁ་བ་གཉིས་ན་རླངས་ལྷ་གཟིགས་ཁག་གཉིས་ཀྱི་ཁྱིམ་གཞིས་ཀྱི་མཁར་ཤུལ་བཅས་དང་།  པོ་ཏི་བསེ་རུ་ལས།  ད་རེས་འབུལ་བའི་སྔ་མ་ལ།  སྤྱི་ཡི་ལུང་པ་ཕོ་དྲུག་དང་།  གཉན་པོ་ར་ཛའི་བྲག་མགོ་དང་།  སྤྱི་བར་ཆམ་གསུམ་ས་ཡུལ་རྣམས།  ལྷ་ཁང་གསེར་འཕྲུ་གང་འདུག་དང་།  བཀའ་ཡི་བསྟན་བཅོས་གང་སྣང་འབུལ།  ཞེས་རླངས་ཁམས་པ་རྣམས་བགྲོས་ནས་གྲུབ་ཐོབ་བྱོན་པའི་སྣ་ལེན་སྔ་འབུལ་ལ་ཕུལ་བའི་ས་ཡུལ་སྤྱི་ཡི་ལུང་པ་ཕུ་དྲུག་དང་།  རཱ་ཛའི་བྲག་མགོ  །སྤྱི་བར་ཆམ་གསུམ་སོགས་ཀྱང་ད་ལྟ་ནང་ཆེན་ན་དངོས་སུ་ཡོད་མོད།  པོ་ཏི་བསེ་རུ་ལས།  ལྷོ་ཕྱོགས་ཀོང་པོའི་ཡུལ་དུ་དགོངས་པ་ལ།  མཁའ་འགྲོ་མའི་ལུང་བསྟན་མཛད་ནས།  གྲུབ་པ་ཐོབ་པའི་སྐྱེས་བུ་ཁྱོད།  །ཁྱོད་ཀྱི་གདུལ་བྱ་ཤར་ན་ཡོད།  །ཤར་དུ་བྱོན་ན་དངོས་གྲུབ་ཡོང་།  །ཟེར་ནས་ལུང་བསྟན་མཛད།  དེ་ནས་ཁོང་གིས་ཤར་དུ་བྱོན།  གེར་འཚོའི་མགུལ་དུ་བྱོན་པ་ལ།  གླིང་རྗེ་གེ་སར་གྱིས།  ཞེས་མཁའ་འགྲོ་མས་ལུང་བསྟན་མཛད་པ་དང་།  མ་ཕམ་གཡུ་ཡི་མཎྜལ་དེ།  ཕ་ཡབ་ཀྱི་སྐུའི་འཁྲུངས་ཡུལ་ཡིན།  ཞེས་སོགས་ཀྱི་ཚིག་ཟིན་ལ་བལྟས་ན་རླངས་སྟོན་གྱི་འཁྲུངས་ཡུལ་དེ་སྟོད་ཕྱོགས་མ་ཕམ་གཡུ་མཚོའི་ཉེ་འགྲམ་ལྟ་བུ་ཞིག་ན་ཡིན་པར་གསལ་བས།  རླངས་སྟོན་བྱང་རྟ་རྣའི་ས་ཆ་དེར་འཁྲུངས་པའི་ཟེར་སྲོལ་ཞིག་ཡོད་པ་ནི་དེར་རླངས་ལྷ་གཟིགས་ཁག་གཉིས་ཀྱི་ཁྱིམ་གཞིས་མཁར་ཤུལ་ཡོད་པ་ལ་འཁྲུལ་པ་འདྲའོ།   ། 

༩༽  རྟ་རྣའི་གནས་ཀྱི་རྒྱབ་ཕྱོགས་ན་གེ་མཚོ་ཟེར་བའི་མཚོ་ཆུང་ཞིག་ཡོད་ཅིང་།  རི་མགུལ་དེར་རླངས་སྟོན་དང་གེ་སར་ཐོག་མར་མཇལ་འཕྲད་མཛད་ས་ཡིན་ཟེར་བའི་ངག་རྒྱུན་ཞིག་ཡོད་ཀྱང་དཔྱད་པའི་གཞིའོ།   ། 

༩༽  ཝ་ར་བླ་མ་དམ་ཆོས་བསྟན་པས་ཝ་ར་བདེ་ཆེན་རི་ཁྲོད་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་བཞེངས་སྐབས་ཙམ་ལ་དམྱལ་གླིང་རྫོགས་པ་ཆེན་པོ་ཡང་དེར་པར་དུ་བརྐོས་པ་ཡིན་པས།  དེས་ན་ཁྱོད་ཀྱིས་ཝ་ར་དགོན་དུ་བརྐོས་པ་བཤད་པ་ནོར་ཏེ།  དམྱལ་གླིང་པར་བརྐོ་ས་བདེ་ཆེན་རི་ཁྲོད་དུ་ཡིན་པ་ལས་མ་དགོན་ཝ་ར་དགོན་དུ་མ་ཡིན་པའི་ཕྱིར། 

༡༠༽ ས་ཆེན་ཀུན་དགའ་སྙིང་པོ་དེ་རྒྱ་ནག་ཕར་ཞོག་མདོ་ཁམས་ཀྱི་ས་ཆ་ཙམ་ལ་ཡང་ཕེབས་པའི་ལོ་རྒྱུས་ཤིག་མེད་པས།  དམ་པ་གང་དེའི་རྣམ་ཐར་རྒྱས་པ་ནང་ཁོང་ཉིད་རྒྱ་ནག་ནས་ཕྱིར་བོད་དུ་ཕེབས་སྐབས་གོ་འཇོ་ལྕགས་ཁུ་ཚང་ལ་བཞུགས་དུས་རྒྱ་ཚའི་བསྔོ་ཞུས་ཤིག་འབྱོར་ཐབས་ཅི་འདྲ་ཡོད།  ཡང་ས་སྐྱའི་མཁན་པོ་ཞིག་གིས་ཕལ་ཆེར་ས་པཎ་དང་ནོར་བ་རེད་ཟེར་བ་ཡང་ནོར་བ་ཡིན་ཏེ།  ཆོས་རྗེ་ས་སྐྱ་པཎྜི་ཏ་སྐུ་ཚེའི་སྨད་ལ་བྱང་ཕྱོགས་ཧོར་གྱི་ཡུལ་དུ་ཕེབས་ནས་དེར་སྐུ་གཤེགས་སོང་བ་ལས་སླར་བོད་དུ་ཕེབས་པའི་ལོ་རྒྱུས་ཤིག་ཡོད་མི་སྲིད་པས་སོ།    །ཡང་ཁྱོད་ཀྱིས་ས་ཆེན་དང་རྒྱ་ཚ་དུས་མཉམ་མིན་པའི་ཤེས་བྱེད་ལ་རྒྱ་ཚ་ཆུ་གླང་༡༠༡༣ལོར་འཁྲུངས་པ་དང་།  གེ་སར་ས་སྟག་༡༠༣༨ལོར་འཁྲུངས་པས་གེ་སར་ལས་རྒྱ་ཚ་ལོ་ངོ་བཅུ་གསུམ་གྱིས་སྔ་ཟེར་བ་ཡང་རྩ་ནས་ནོར་ཏེ།  ས་སྟག་ཡར་སྔོན་གྱི་ཆུ་གླང་༡༠༡༣དང་ས་སྟག་༡༠༣༨ལོའི་བར་ན་ལོ་ངོ་ཉི་ཤུ་རྩ་དྲུག་གིས་བར་དུ་ཆོད་འདུག་པའི་ཕྱིར་རོ།  །

དཀར་རུ་ནག་རུ་བརྟག  ། 

༡༢༽  སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་ལས།  དཀོན་མཆོག་རྒྱལ་མཚན་ཁྲི་དཔོན་ལ་བསྐོས་ཞེས་པའི་དཀོན་རྒྱལ་ནི་མི་སྐྱ་དཔོན་ཆེན་སྲས་རྒྱུད་ཅན་ཞིག་དང་།  མུས་ཆེན་དཀོན་མཆོག་རྒྱལ་མཚན་ནི་རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྒྱལ་ཚབ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་ཡིན་པས་དེ་གཉིས་ལ་འཁྲུལ་དོགས་ཤིག་རྩ་ནས་མེད། 

༡༣༽  ཇོ་ནང་ཏཱ་ར་ན་ཐས་མྱང་ཆོས་འབྱུང་ལས་གླིང་དཀར་སྟོད་པ་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བ་དང་།  གླིང་སྒྲུང་ལས་སྟོད་གླིང་གསེར་པ་བར་གླིང་འོམ་བུ་སྨད་གླིང་མུ་སྤྱང་གསུམ་དུ་ཕྱེ་བ་དང་གོ་འཛོལ་བ་འདྲ་ཞེས་པ་ནི་མཁས་པ་ཆེན་པོ་ལ་སྐུར་འདེབས་ཀྱི་གཏམ་སྟེ།  གླིང་སྒྲུང་ལས་བཤད་པའི་གླིང་སྟོད་སྨད་བར་གསུམ་པོ་དེ་ནི་གླིང་ཆོས་འཕན་ནག་པོའི་རིགས་སྲས་རྣམས་ཀྱི་དུས་སུ་བྱུང་བ་ཡིན་པར་ཡོངས་གྲགས་ལྟར་ལ།  མྱང་ཆོས་འབྱུང་ལས་བཤད་པ་དེ་ནི་གླིང་རྗེ་གེ་སར་གྱིས་ཕྱོགས་བཞིའི་བདུད་ཆེན་བཞི་བཏུལ་བའི་སྐབས་ཙམ་ནས་བྱུང་བར་མངོན་པས་དེས་ན་ཁྱོད་རང་གོ་འཛོལ་བ་ཡིན་ནོ།  །ཡང་མྱང་ཆོས་འབྱུང་ལས་མོ་ལྷ་གུང་སྨན་རྒྱལ་མོ་ནི་ཇོ་མོ་ལྷ་རི་དེ་ཡིན་ཞེས་པ་ནི་ཇོ་མོ་གླང་མའི་ཚེ་རིང་མཆེད་ལྔ་ལས་མཐིང་གི་ཞལ་བཟང་མ་དང་།  གེ་སར་སྒྲུང་ནང་གི་ཨ་ནེ་གུང་སྨན་རྒྱལ་མོ་གཉིས་གོ་འཛོལ་བ་འདྲ་ཟེར་བ་ནི་ཁྱོད་རང་ནོར་ཏེ།  འདིར་མོ་ལྷ་གུང་སྨན་རྒྱལ་མོའི་བླ་རི་ཇོ་མོ་ལྷ་རི་དང་།  ལྷ་སྨན་ཚེ་རིང་མཆེད་ལྔའི་དགྱེས་གནས་ཇོ་མོ་གླང་མའམ་གངས་མཐིང་རྒྱལ་མོ་གཉིས་གཅིག་མ་ཡིན་པའི་ཕྱིར་ཏེ།  ཇོ་མོ་ལྷ་རི་ནི་གཞིས་ཀ་རྩེའི་ས་ཁུལ་གྱི་གྲོ་མོ་རྫོང་ཁོངས་ཕག་རིའི་ཤར་རྒྱུད་ཀྱི་རི་བོ་དེ་ཡིན་ལ།    ཇོ་མོ་གླང་མ་ནི་གཞིས་རྩེ་ས་ཁུལ་དིང་རི་རྫོང་དང་བལ་པོ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་ཕྱིར།  གཞན་ཡང་བདེན་མཐོང་པྲ་ཡི་ཕྲིན་ལས་ཀྱི་གྲོགས་མཛད་མཐིང་གི་ཞལ་བཟང་མའི་དགྱེས་གནས་ཡིན་ན་གླིང་རྗེའི་ནམ་དགོས་འཕྲིན་ལས་ཀྱི་རོགས་མཛད་ཨ་ནེ་གུང་སྨན་རྒྱལ་མོའི་དགྱེས་གནས་མ་ཡིན་མི་དགོས་པའི་ངེས་པ་མེད་པས།  མི་ཤེས་ཤེས་ཁུལ་གྱིས་མཁས་པ་ཆེན་པོའི་གསུང་ལ་རྒོལ་བ་ནི་ཤིན་ཏུ་ནོངས་སོ།  ། 

༡༣༽  ཕྱིས་སུ་འཇོ་མདའ་སྤོ་ལུ་དགོན་དུ་སྟག་གཟིག་ནོར་འབྱེད་པར་དུ་བརྐོས་ཟེར་བ་ནི།  སྔར་དུས་སྤོ་ལུ་སྨད་སྒང་མཛེས་དགོན་ན་སྟག་གཟིག་ནོར་འབྱེད་ཀྱི་པར་ཤིང་ཞིག་དང་།  ཡང་སྤོ་ལུ་དང་ཉེ་བའི་སྐུ་ཚེ་སྡེ་གསར་ངོ་འཕེལ་ནང་ན་ས་སྐྱོང་སྡེ་དགེའི་མདུན་གཉེར་ཆེན་པོ་རྒྱ་མཁར་ཚང་གིས་ནོར་འབྱེད་པར་དུ་བརྐོས་པ་དང་ནོར་བ་འདྲ་ལ།  མ་ཟད་ཁྱོད་ཀྱིས་བཤད་སྟངས་ལྟར་ན་སྡེ་དགེའི་ཕྱོགས་སུ་ནོར་འབྱེད་ཀྱི་པར་ཤིང་དེ་ལས་མེད་པ་ལྟ་བུ་ཞིག་ཏུ་འདུག་མོད།  དེའང་མ་ཡིན་ཏེ།  སྔར་དུས་རྫོགས་ཆེན་པར་ཁང་དུ་ནོར་འབྱེད་ཀྱི་པར་ཤིང་ཡོད་པ་པར་ཁང་མེ་ལ་ཤོར་སྐབས་བརླགས་སོང་ཞིང་།  དཔལ་སྤུངས་སུ་སི་ཏུ་པདྨ་དབང་མཆོག་གི་སྐབས་ཁོ་ཁོ་དཔལ་འབྱོར་ནས་སྦྱིན་བདག་བྱས་ནས་ནོར་རྫོང་དང་ནོར་འབྱེད་གཉིས་ཀའི་པར་བརྐོས་པ་དང་།  སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུའང་ནོར་འབྱེད་ཀྱི་པར་ཡོད་པ་ལྟ་བུ་ཡིན་པས་སོ།    །

༡༥༽  གླིང་ཚང་གི་སྒྲུང་ཡིག་དག་གི་མ་ཕྱི་རྩོམ་པ་པོ་འགྱུར་མེད་ཐུབ་བསྟན་གྲགས་པ་འཇམ་མགོན་མི་ཕམ་པའི་དངོས་སློབ་ཡིན་པར་བཤད་བཞིན་དུ།  ཡང་གླིང་ཚང་གི་ཤིང་པར་དེ་དག་གི་མ་ཡིག་ནི་རྫོགས་ཆེན་པདྨ་རིག་འཛིན་གྱི་སྟག་གཟིག་ནོར་འབྱེད་ལས་སྔ་དགོས་ཟེར་ནས་དཔྱད་པ་གཏོང་ཁུལ་བྱེད་པ་ནི་སྔ་ཕྱི་འགལ་བའི་གཏམ་མོ།  །

༢༠༽  པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དྲིས་ལན་ལས།  ཧོར་བདུད་འཇང་གསུམ་བཅོམ་ནས་རྒྱ་གླིང་མ་འཁྲུག་བར་དེར་གེ་སར་དབུ་ལ་སྐྱོན་བྱུང་བར་གསུངས་པ་ཙམ་ལས་ཧོར་བདུད་འཇང་རྒྱ་བཞི་ལ་ཕྱོགས་བཞིའི་དགྲ་བཞི་ཞེས་པའི་ཐ་སྙད་བྱེད་པར་མ་གསུངས་པས།  པཎ་ཆེན་གྱིས་དེ་ལྟར་བཏགས་པས་སུམ་པ་ཚང་དང་པཎ་ཆེན་ཚང་རྣམ་པ་གཉིས་བཞེད་ལུགས་མི་མཐུན་ཟེར་བ་ནི་རང་དགར་དོགས་པ་མེད་ས་ལ་དོགས་པ་སློང་བའོ།  །

༣༢༽ ༣༤༢༽  སྡེ་དགེའི་པར་ཁང་ན་ཁ་ཆེའི་གཡུལ་རྫོང་གི་པར་ཤིང་ཞིག་གཏན་ནས་བྱུང་མ་མྱོང་བས་ཁ་ཆེའི་གཡུ་རྫོང་ལྕགས་པར་དུ་བཏབ་པའི་གསལ་བཤད་དུ།  སྡེ་དགེའི་པར་ཤིང་གཞིར་བཟུང་བསྒྲིགས་པའོ་ཞེས་པ་ནི་རྩ་བ་ནས་ནོར་བ་ཡིན་ལ།  དེས་ན་མ་སང་སྐྱེས་བུའི་རྣམ་ཐར་ལས་ཁ་ཆེ་གཡུ་རྫོང་ཕབ་པའི་རྟོགས་བརྗོད་ངོ་མཚར་གཏམ་གྱི་ཕྲེང་བ་བཞུགས་སོ་ཞེས་པ་ནི།  སྒྲུང་ཡིག་དེ་ཉིད་ཀྱི་མཇུག་བྱང་ལས།  ཁ་ཆེའི་གཡུ་རྫོང་ཕབ་པའི་ལོ་རྒྱུས་ལས།  །ཁ་ཆར་བབས་ལྟར་ཀུན་གཞིའི་མཁའ་ནས་ཐོན།   །ལྷ་མཆོག་གེ་སར་རྒྱལ་པོས་རྗེས་བཟུང་ཞིང་།   །ལྷ་མཆོག་དེ་ལ་གུས་པ་ཆེ་བའི་བློས།  །ལྷ་རིགས་གདུང་འཛིན་སྔགས་མིང་པདྨའི་མཚན།  །ལྷ་སྡེའི་ལྗོངས་སར་ཆས་ཚེ་ལེགས་པར་བསྒྲུབས།  །ཞེས་པ་ལྟར་ལྷ་ཐོག་མི་རྗེ་བསོད་ནམས་འགྱུར་མེད་ཚེ་རིང་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའམ་སྔགས་རྒྱལ་རྡོ་རྗེ་ཆེ་མཆོག  །ཀརྨ་དོན་འགྲུབ་ཚེ་རིང་རྣམ་པར་རྒྱལ་བའི་སྡེའམ་ལྷ་ཐོག་རྒྱལ་རྒན་མ་(ལྷ་ཐོག་ཆོས་རྒྱལ་ཆེན་པོ་བསོད་ནམས་འགྱུར་མེད་ནི།  ཡབ་ལྷ་ཐོག་མི་རྗེ་ཚེ་བརྟན་འགྱུར་མེད་དང་།  ཡུམ་ཧོར་ཏྲེ་ཧོར་ཚང་གི་བུ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་ཕག་༡༨༨༧ལོར་སྐུ་འཁྲུངས།   རཏྣ་གླིང་པའི་གཏེར་ལུང་ལས།  ལང་གྲོའི་སྐྱེ་མཐའ་བསོད་ནམས་མཚན༔དེ་ཡིས་ཆོས་འདི་བདག་པོ་མཛད༔དགེ་བཅུ་དཀར་བའི་ས་ཕྱོགས་སུ༔བསྟན་པའི་རྒྱལ་མཚན་འཛུགས་པར་མཛད༔ཅེས་དང་།  གཞན་ཡང་བསམ་གཏན་གླིང་པའི་གཏེར་ལུང་སོགས་ལུང་བྱང་དུ་མ་ལས་ལང་གྲོ་དཀོན་མཆོག་འབྱུང་གནས་དང་།    ཞིག་པོ་གླིང་པ།    དྲན་པ་ནམ་མཁའ་སོགས་ཀྱི་རྣམ་སྤྲུལ་དུ་བསྔགས་པར་མཛད།  སི་ཏུ་པདྨ་དབང་མཆོག་གིས་བེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་སྐུ་སྐྱེ་ཡིན་པར་གསུངས།  གཞོན་དུས་ནས་སུམ་རྟགས་དང་།  སྙན་ངག  །རྩིས་སྐར་ནག  །གསོ་རིག་རྒྱུད་བཞིའི་སྐོར་སོགས་རིག་གནས་དཔྱིས་ཕྱིན་པར་མཁྱེན། 

རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་སྐུ་གོང་འོག་དང་།  སི་ཏུ་པདྨ་དབང་མཆོག་རྒྱལ་པོ།  རྗེ་འགྱུར་མེད་བསྟན་འཛིན། 

ཁམས་སྤྲུལ་བསྟན་པའི་ཉི་མ།  མཚན་ཉིད་བསོད་ནམས་བསྟན་འཛིན།  ཚེར་ལུང་དྲུང་ཆེན་བཅུ་པ་ཆོས་ཀྱི་ཉིན་བྱེད་སོགས་གཙུག་ཏུ་བསྟེན་ཏེ་སྨིན་གྲོལ་གྱི་གདམས་པ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་ཉམས་བཞེས་མཛད།  ཆུང་དུས་ནས་འཇིག་རྟེན་ཕལ་གྱི་ཀུན་སྤྱོད་འདུ་འཛི་རྣམ་གཡེང་ལ་ཐུགས་མི་དགྱེས་ཤིང་།  ཆོས་སྤྱོད་ཀྱི་མཛད་པ་ཁོ་ན་ལ་ཐུགས་གཞོལ་ཏེ།  གདན་ས་དཀར་ལེགས་དགོན་དུ་གཙུག་ལག་ཁང་དུ་མ་དང་།  འབུར་སྐུའི་རིགས་སྟོང་ཕྲག་ལས་བརྒལ་བ།  ཞལ་ཐང་སྤུས་ནོམ་ལྡན་པ་ཉིས་བརྒྱ་ཉི་ཤུ་ལྷག།  སྤར་ཁང་དུ་སྤར་ཤིང་ལྡེབ་ཁྲི་གཉིས་ལྷག་ཙམ།  དགུ་གཏོར་ཆེན་མོ་དང་།  ཚེས་བཅུ།  ཆོས་གླིང་ཕུར་པ་བཅས་ཀྱི་འཆམ་ཆས་སོགས་རྟེན་བཞེངས་ཀྱི་རིགས་དཔག་ཏུ་མེད་པར་མཛད།  ཉག་བླ་བྱང་ཆུབ་རྡོ་རྗེ་དག་སྣང་ལ་ཟངས་མདོག་དཔལ་རིར་ཕེབས་སྐབས་ལྷ་ཐོག་རྒྱལ་པོའང་དེར་ཕེབས་འདུག་པས་ཞལ་འཕྲད་བྱུང་ཞེས་གསུངས།  སྡེ་དགེ་རྒྱལ་པོ་ཨ་ཇའི་སྲས་མོ་ཚེ་གཡང་དཔལ་མོ་བཙུན་མོ་བཞེས་པ་ལ་སྲས་ལྕམ་དྲལ་དྲུག་བྱོན།  དགུང་གྲངས་ང་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོར་སྒྲུབ་སྡེེ་ཨ་ཏི་ཁྱབ་གདལ་གླིང་དུ་སྐུ་གཤེགས།)ཞེས་གྲགས་པས་མདོ་ཁམས་ལྷ་ཐོག་རྒྱལ་ཁབ་ཏུ་པར་དུ་བཀོད་པ་ཡིིན་པའི་ཚུལ་གཞན་དུ་གསལ་ལ།  དེས་ན་སྡེ་དགེའི་སྤར་ཤིང་ཡིན་ན་སྡེ་དགེའི་པར་ཁང་གི་པར་ཤིང་ངམ།  གླིང་ཚང་གི་པར་ཤིང་གང་ཡིན་ཟེར་བ་ནི་ཁྱད་གཞི་མ་གྲུབ་པའི་ཁྱད་ཆོས་ལ་རྟོག་པའོ།  །

༧༣༽  གེ་སར་སྒྲུང་གི་གནའ་རྫས་ལ་འབྲས་སྤུངས་བྱམས་པའི་གཟུངས་གཞུག་ལ་ཕུལ་བའི་གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་དང་།  དུང་དཀར་ཚང་གིས་གཏན་འཁེལ་གནང་བའི་གེ་སར་ལི་སྐུ་ལས་གཞན་པའི་གནའ་རྫས་ཤིག་ད་སྔ་མེད་ཅེས་པ་ནི་ཧ་ཅང་ཆ་རྒྱུས་ཆུང་བའི་གཏམ་སྟེ།  གླིང་འགུ་ཟི་རབ་བརྟན་རྩེ་དང་།  ཨ་ཕྱུག་གེ་སར་ལྷ་ཁང་།  སྡེ་དགེའི་ཀཿཐོག་དགོན།  ནང་ཆེན་བྱང་རྟ་རྣ།  ཁམས་རི་བོ་ཆེ་སོགས་ན་སྔ་དུས་གླིང་གི་གནའ་རྫས་བརྒྱ་ཕྲག་དུ་མ་ཡོད་པར་མ་ཟད།  ད་ལྟ་ཡང་ས་ཆ་དེ་དག་ན་གླིང་གེ་སར་གྱི་གནའ་རྫས་ཅི་རིགས་ཤིག་དངོས་སུ་མཇལ་རྒྱུ་འདུག་པས་སོ།  །

༨༠༽  ལྷ་གླིང་གབ་ཙེ་དགུ་སྐོར་དང་།  འཁྲུངས་གླིང་མེ་ཏོག་ར་བ།  རྟ་རྒྱུག་ནོར་བུ་ཆ་བདུན་གསུམ་ལ་ཁམས་སྟོད་ཀྱི་ངག་རྒྱུན་ལ་སྒྲུང་དཔེ་སྔ་མ་གསུམ་ཟེར་བ་བདེན་མོད།  འོན་ཀྱང་ལྷ་གླིང་དེ་རྩོམ་མཁན་ནི་གླིང་བློན་འགྱུར་མེད་ཐུབ་བསྟན་མིན་པ་འདྲ་སྟེ།  སྒྲུང་ཡིག་དེ་ཉིད་ཀྱི་མཇུག་ན་འབྲི་མཁན་གྱི་གསལ་ཁ་མེད་པར་མ་ཟད།  དེ་ཉིད་གླིང་ཚང་གི་རྒྱལ་ཁབ་ན་སྔར་བཞུགས་ཀྱི་སྒྲུང་རྙིང་ཞིག་ཡིན་པ་དགེ་མཚན་ཆེ་སྟབས་གླིང་རྒྱལ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་གྱིས་འཁྲུངས་གླིང་དང་རྟ་རྒྱུག་གཉིས་དང་མཉམ་དུ་པར་དུ་བཞེངས་པ་ལས་འགྱུར་མེད་ཐུབ་བསྟན་གྱིས་མཛད་པའི་ངག་རྒྱུན་ཞིག་གཏན་ནས་མེད་པ་དང་།  མ་ཟད་སྒྲུང་ཡིག་གི་རྩོམ་གཤིས་ཀྱི་བབ་ལ་བལྟས་ནའང་འགྱུར་མེད་ཐུབ་བསྟན་མིན་པ་གསལ་པོར་ཤེས་ནུས་པ་ཡིན། 

༨༤༽  སྤྱིར་བཏང་གེ་མཛོ་ལ་བཅོ་བརྒྱད་ཙམ་ཡོད་པར་བཤད་མོད།   གླིང་སྒྲུང་གི་སྐབས་སུ་བསྟན་པའི་ཡོངས་གྲགས་གེ་མཛོ་རི་དམར་དབང་ཞུ་ནི་སྔ་དུས་གླིང་ཚང་གི་རྒྱལ་སའི་ཉེ་འགྲམ་ངོ་མ་སྟེ།  གླིང་འགུ་ཟི་དགོན་དང་གླིང་རིན་ཆེན་སྟེང་གཉིས་ཀྱི་ཉེ་འཁྲིས་ན་ཡོད་པ་དང་།  དེང་གི་ས་ཁོངས་ལྟར་ན་སྡེ་དགེ་རྫོང་ཁོངས་ན་ཡོད་པས་དེང་སང་སེར་ཤུལ་རྫོང་གི་རྫ་ཆུའི་བྱང་ལ་གཏོགས་ཟེར་བ་རྩ་ནས་ནོར་རོ།  ། 

༨༥༽  ཚོ་དྲུག་གླིང་གི་སྡེ་པ་ཞེས་པ་ལ་བཤད་ཚུལ་འདྲ་མིན་ཅི་རིགས་ཡོད་ཀྱང་།  ཆེ་འབྲིང་ཆུང་རྒྱུད་ཀྱི་ཚོ་པ་དང་།  སྟོད་སྨད་བར་གླིང་གི་ཤོག་པ་བཅས་ཚོ་ཁག་དྲུག་ལ་ཟེར་ཞེས་པ་ནི་ནོར་བ་སྟེ།   གླིང་ཆེ་རྒྱུད་སྟོད་གླིང་གསེར་པ་མཆེད་བརྒྱད། 

འབྲིང་རྒྱུད་བར་གླིང་འོམ་བུ་ཚོ་དྲུག།  ཆུང་རྒྱུད་སྨད་གླིང་མུ་སྤྱང་སྡེ་བཞི་ཞེས་པ་ལྟར།  གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ་དང་།  སྟོད་གླིང་བར་གླིང་སྨད་གླིང་གསུམ་པོ་དེ་གཅིག་ཡིན་པས་དྲུག་ཏུ་མི་འགྱུར་བའི་ཕྱིར།  རྫ་ཆུ་ཁ་སེར་ཤུལ་རྫོང་གི་ཕྱོགས་དེ་རྫ་ཆུ་འབབ་ས་ཡིན་ཡང་འབྲི་ཆུ་འབབ་ས་ཡིན་པར་མ་གྲུབ།  ཁྱོད་ཀྱིས་བཤད་ལྟར་སྒ་འབྲུས་གཙོས་པའི་གླིང་འབྲིང་རྒྱུད་ཀྱི་ས་བབ་དེ་ལྕི་ཕུ་སྐྱ་ལོའི་མཚེར་ས་ཡོད་པའི་ཕྱོགས་སུ་ཡིན་ན་ཡུལ་དེར་ས་ཆ་གཞན་དག་ལྟར་བར་གླིང་འོམ་བུའི་ས་ཆ་ཡིན་པའི་རྗེས་ཤུལ་དང་ངག་རྒྱུན་ཅི་རིགས་ཡོད་དགོས་ཀྱང་མེད་པའི་ཕྱིར་དང་།  སྒ་འབྲུ་གཉིས་ཀྱི་སྒ་ནི་ཡུལ་ཤུལ་སྒ་པའི་ཕྱོགས་དང་འབྲུ་ནི་འདན་སྟོད་འབྲུ་ཁོག་ན་ཡིན་པ་ཡོངས་གྲགས་ཡིན་པ་ལས་འདིར་ལྕི་ཕུའི་ཕྱོགས་ན་སྒ་འབྲུ་ཟེར་བ་ཞིག་བྱུང་བའི་ལོ་རྒྱུས་མེད་པ་དང་།  སྤྱིར་སྒ་འབྲུ་གཉིས་དང་བར་གླིང་འོམ་བུའི་བར་ལ་འབྲེལ་པ་ཡོད་མོད་དེ་ཙམ་གྱིས་དེ་དག་གཅིག་པ་ཡིན་པར་མི་འགྲུབ་ཅིང་།  ཡིག་རྙིང་དག་ལས་ཀྱང་སྒ་འབྲུ་གཉིས་དང་བར་གླིང་དེ་ཐ་དད་ཡིན་པར་བཤད་པས་སྒ་འབྲུས་གཙོས་པའི་བར་གླིང་ཟེར་བ་དེ་ཡང་མི་རིགས་སོ།  །

༨༦༽  ལྷ་གླིང་ལས་བཤད་པའི་ཡག་གཉིས་ཉི་ཟླ་ཁ་མདོ་ནི་བྱང་སྡེ་རྫ་ཆུ་ཁའི་སྟོད་རྒྱུད་ཡག་གཞུང་བ་རོད་སྡེ་པའི་ས་ཆ་སྟེ།  རྫ་ཆུ་དང་ཡག་ཆུ་གཉིས་ཀྱི་འདྲེས་མདོ་ན་ཡོད་པ་དང་། 

དེ་བཞིན་ལྷ་གླིང་དུ་གསལ་བའི་རྨ་ག་ལིང་ཐང་ཡང་སྒ་སྟོད་ཁྲ་ཁོག་གི་ས་ཡུལ་རྨ་ག་ལིང་ལ་ཐང་གོང་མའམ་ག་ལིང་ལྷ་རྩེའི་རི་ཞོལ་ཨ་མྱེ་ཁྲ་རྒན་གྱི་སྐུ་མཁར་ཁྲ་མཁར་གནམ་རྫོང་ཕྱུག་མོ་ཡོད་པའི་ས་ཆ་གཅིག་ཡིན་པར་གསལ་བས།  ཡག་ཉེས་ཉི་ཟླ་སུམ་མདོ་དང་རྨ་ག་ལིང་ཐང་གཉིས་རྨ་ཡུལ་དང་འབྲེལ་བ་ཡོད་པས་རྨ་རྒྱལ་སྤོམ་ར་དང་ཐག་ཉེ་ཟེར་བ་ནོར་བ་ཡིན། 

༨༩༽  འགོག་ཡུལ་ནི་ལྷོ་ཟླའི་རྫ་ཆུ་དང་རྩི་ཆུ་གཉིས་པོ་དལ་གྱིས་བཞུར་བའི་གཡོན་ཟུར་སྔར་དུས་འབྲུ་རྗེ་ནང་ཆེན་རྒྱལ་པོའི་ཁོངས་གཏོགས་ཟུར་མང་རྣམ་རྒྱལ་རྩེ་དང་ཟུར་མང་བདུད་རྩི་དིལ་གཉིས་ཀྱི་ཉེ་ཕྱོགས་འགོག་ཉི་ཟླ་སུམ་མདོ་ཞེས་པའི་ས་ཆ་ན་ཡིན་པར་ཡོངས་གྲགས་ཡིན་ལྟར།  ད་ལྟ་དེ་ན་འགོག་ར་ལོ་སྟོན་པའི་མཁར་ཤུལ་དང་།  གླེན་པ་ཆོས་རྒྱལ་བཀྲོངས་མལ་ན་གླིང་གིས་གསེར་མའི་རྡོ་འབུམ་བཞེངས་པ།  གླེན་པ་ཆོས་རྒྱལ་གྱི་གདུང་འབུམ་བཞུགས་པའི་འགོག་གཞུང་ཁང་བརྒྱ་མདའ།  འགོག་ཡུལ་དར་གྱི་ལུང་མདོ་སོགས་ཤིན་ཏུ་གསལ་བར་ཡོད་པའི་ཚུལ་གཞན་དུ་བྲིས་ཟིན་པ་ལྟར་ཡིན་ལ།  དེས་ན་འགོག་ཡུལ་ཟེར་བ་དེང་སང་གི་མགོ་ལོག་དང་འབྲེལ་བ་ཨེ་ཡོད་སྙམ་ཞེས་པ་དང་།  འགོག་ར་ལོ་ཞེས་པ་མགོ་ལོག་གི་ཨ་སྐྱོང་ར་ལོ་དང་འབྲེལ་བ་ཨེ་ཡོད་སྙམ་ཞེས་དང་།  འགོག་ཡུལ་དར་གྱི་ལུང་མདོ་ནི་མདོ་སྨད་ཆོས་འབྱུང་ནང་གླེང་བའི་རྒྱུད་དར་གྱི་དར་ས་ནག་ལུང་ཞེས་སོགས་བཤད་པ་ནི་རྒྱུས་མེད་ཀྱི་གཏམ་དུ་གོ  །

༩༧༽  སྐྱིད་སོས་ཡག་གི་སུམ་མདོར་ཇོ་རུ་སྐུ་འཁྲུངས་སྐབས་སྟག་རོང་དཔོན་པོ་ཁྲོ་ཐུང་སྡེ་དགེ་ཡིད་ལྷུང་སྨད་ཕྱོགས་ཨ་ཁུ་ཁོག་གམ་ཁྲོ་ཐུང་ཁོག་ན་ཡོད་པ་གསལ་བས་མཚོན་དུས་དེར་སྟག་རོང་ཚང་དེ་གཙོ་བོར་འབྲི་རྫ་གཉིས་ཀྱི་བར་སྒང་ན་ཡོད་པར་གསལ་བས།  སྟག་རོང་ནི་གོ་ཚང་ནགས་ཀྱི་ཕ་རོལ་ཏེ་རྫ་ཆུ་ཤར་རྒྱུད་ན་ཡོད་ཟེར་བ་ནོར། 

༩༧༽  བདུད་ཁ་སེ་རུ་ལུ་ཞེས་པ་ནི་སྒྲུང་དཔེ་གཞུང་མ་དག་ཏུ་ཨ་ཁུ་ཁྲོ་ཐུང་གིས་སྲིན་ཁེ་ཚེ་བཏུལ་རབས་བརྗོད་པ་དེ་ཡིན་ཞེས་པ་ནི་རྩ་ནས་ནོར་ཏེ།  འདིར་ཁ་སེ་རུ་ལུ་ཞེས་པ་ནི་ཇོ་རུས་སྐྱིད་སོས་ཡག་མདོའི་ཉེ་འཁྲིས་བྱེའུ་ཆུང་མིད་པའི་འཕྲང་ལམ་ནས་བྱོན་སྐབས་བསྒྲལ་བ་ཞིག་ཡིན་ལ།  སྲིན་ཁེ་ཚེ་རལ་པ་ནི་ཇོ་རུའི་ཁུ་བོ་ཁྲོ་ཐུང་གིས་ཆུང་དུས་བཏུལ་བ་ཞིག་ཡིན་པར་གསལ་བས་དེ་གཉིས་གཅིག་ཡིན་ཐབས་ག་ལ་ཡོད། 

༡༡༣༽  སྒ་པ་མཚོ་སྔོན་ཡུལ་ཤུལ་དང་འབྲུ་ཁོག་གཙོ་བོར་བོད་ལྗོངས་འཇོ་མདའི་ཁོངས་སུ་གཏོགས་པས་སྡེ་དགེའི་རྫོང་འོག་ཟེར་བ་དང་།  སྟོད་གླིང་བར་གླིང་སྨད་གླིང་གསུམ་ཀ་སྡེ་དགེ་རྫོང་འོག་ཟེར་བ་བཅས་ནི་རྣམ་གཞག་རགས་པ་ཙམ་ཡང་ཁོང་དུ་མ་ཆུད་པའི་གཏམ་མོ།  །  ཨ་མྱེ་སྒོམ་པ་ར་ཛའི་སྒྲུབ་ཕུག་དང་སྐྱ་ལོའི་མཚེར་ས་གོང་མ་ད་ལྟའི་ས་ཁོངས་ལྟར་ན་སེར་ཤུལ་རྫོང་འོག་ཏུ་ཡིན་པས་སྡེ་དགེ་རྫོང་འོག་ཟེར་བ་ནོར།  འབྲི་ནུབ་འདན་མ་བོད་ལྗོངས་དང་འདན་སྟོད་མཚོ་སྔོན་འབྲི་ཤར་འདན་མ་སི་ཁྲོན་བཅས་ལྗོངས་དང་ཞིང་ཆེན་གསུམ་དང་འབྲེལ་བས་འདན་མ་སེར་ཤུལ་རྫོང་ཟེར་བ་ནོར། 

༡༤༧༽  འགུ་ཟི་ནི་སྔར་བཤད་པ་བཞིན་དེང་གི་ས་ཁོངས་ལྟར་ན་སྡེ་དགེ་རྫོང་འོག་ན་ཡིན་པས།  གུ་ཟི་ཨ་ལྕགས་ཤོག་དྲུག།  རྒྱ་ཟངས་འོ་མས་བཀང་འདྲ།  །  ཞེས་པའི་གུ་ཟི་ནི་དེང་སང་སེར་ཤུལ་རྫོང་གི་འགུ་ཟི་ཞང་ཞེས་བརྗོད་པ་དེ་ཡིན་དགོས་ཟེར་བ་ནོར་རོ།  ། 

༡༥༡༽   པཎ་ཆེན་སྨྲི་ཏི་ཛྙཱ་ན་སྐུ་ཚེའི་མཇུག་ཏུ་ཡུན་རིང་བཞུགས་པའི་ཁམས་ཀྱི་ཀློང་ཐང་དེ་མདོ་ཁམས་འདན་མའི་སའི་ས་ཤས་ཆུང་ཞིག་ཡིན་པས།  འདན་གྱི་ཀློང་ཐང་ཡིན་ན་འདན་མ་ཡིན་པས་ཁྱབ་ཀྱང་།  འདན་མ་ཡིན་ན་འདན་གྱི་ཀློང་ཐང་ཡིན་པས་མ་ཁྱབ་ཟེར་དགོས་རྒྱུ་ལ།  འདན་དེ་ཁམས་ཀྱི་ཀློང་ཐང་ཡིན་ཡང་།  ཁམས་ཀྱི་ཀློང་ཐང་ཡིན་ན་འདན་ཡིན་པས་ཁྱབ་པ་མེད་ན་ཐང་ཟེར་བ་ནོར་རོ།  ། 

༢༥༣༽  དཔལ་སྤུངས་ནི་རྙིང་མ་པའི་དགོན་ཆེན་གསུམ་སྟེ།   ཀཿདཔལ་རྫོགས་གསུམ་གྱི་གྲས་ཡིན་པས་སྙན་གྲགས་ཆེ་མོད་ཟེར་བ་ནི་ཤིན་ཏུ་མཚར་ཏེ།  དཔལ་སྤུངས་ནི་མདོ་ཁམས་ཕྱོགས་ཀྱི་ཀམ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་ཆེ་བ་ཞིག་ལས་རྙིང་དགོན་གཏན་ནས་མིན་ལ།  ཀཿདཔལ་རྫོགས་གསུམ་གྱི་དཔལ་ནི་དཔལ་ཡུལ་རྣམ་རྒྱལ་གླིང་ཡིན་པའི་ཕྱིར་རོ།  ། 

༢༧༥༽  ནོར་འབྱེད་ལས་གསལ་བའི་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་ནི་རྫ་ཆུ་ཁ་རྫ་རྒྱལ་དགོན་པའི་ཉེ་ཕྱོགས་ཏེ།  སི་ཁྲོན་དཀར་མཛེས་སེར་ཤུལ་རྫོང་ཁོངས་སུ་ཡོད་པས།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ན་ཡོད་ཟེར་བ་ནོར།  ཚ་བའི་རྡོ་རྗེ་དྲེལ་དཀར་ནི་ཚ་བ་སྒང་གི་ཁོངས་གཏོགས་མཛོ་སྒང་རྫོང་ཁོངས་ན་ཡོད་པས་བོད་ལྗོངས་འཇོ་མདའ་རྫོང་ཁོངས་སུ་གཏོགས་ཟེར་བ་ནོར།  ལྷོ་ཡི་རོང་ལ་རྒྱལ་མཚན་ནི་ཆབ་མདོ་ལྷོ་རོང་རྫོང་ཁོངས་ན་ཡོད་པས་ཡུན་ནན་ཕྱོགས་ཀྱི་བོད་ཁུལ་ཡོད་སྙམ་ཟེར་བའང་ནོར་རོ།  ། 

༣༩༢༽ བྷེ་ར་གཡུ་རྫོང་ལས་གསལ་བའི་དགེ་བསྙེན་རྡོ་རྗེ་བློ་གྲོས་ནི་ཤན་འདན་སྟག་སེང་ཁ་སྤྲོད་ལས་བྱུང་བའི་འབྲི་གཉན་འདོང་དང་གཅིག་ཅིང་།  སྡེ་དགེའི་རྒྱལ་ས་ལྷུན་འགྲུབ་སྟེང་གི་མདུན་ཕྱོགས་ཀྱི་གནས་རི་གྲགས་ཅན་དེ་ཡིན་པས།  དེ་གང་ཡིན་བསམ་པའི་དཔྱད་པ་མི་དགོས་སོ།  །  ཞེས་དཀར་པོ་གླིང་ལ་དུང་ཞེན་ལྕི་བའི་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཤིང་རྟ་ས་ག་ཟླ་བའི་གྲལ་ཚེས་བདུན་གྱི་ཉིན་འཕྲལ་མར་བྲིས་པ་དགེ།    །  ། 

 

 

 

 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1