ཝང་དབྱང་གིས་ནང་སོག་ཏུ་བརྟག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-19


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་དུས་ནང་སོག་རང་སྐྱོང་ལྗོངས་སུ་བརྟག་ཞིབ་གནང་བ་དང་། ཁོང་གིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ནང་སོག་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་ལེན་པ་དང་། ལག་བསྟར་བྱེད་པ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་ཀྱི་གཙོ་ཐིག་འདི་དམ་པོར་བཟུང་བ། ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བརྟན་པོ་འཛུགས་པ་དང་། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་བར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ། མི་རིགས་ཁྱབ་ཁོངས་ཀྱི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། དཔེ་བཟང་རང་སྐྱོང་ལྗོངས་ཀྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཞེས་ནན་སྟོན་གནང་འདུག
        སྤྱི་ཚེས་12ཉིན་ནས་ཚེས་14ཉིན་བར། ཝང་དབྱང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ནང་སོག་ཏུ་ཕེབས་པ་དང་། ཚོགས་ཆུང་ཁག་བཞི་ལ་བགོས་ནས་ཧུའུ་ཧོ་ཧའོ་ཐེ་དང་། པའོ་ཐོའུ། ཐུང་ལིའུ། ཞི་ལིན་ཀུའོ་ལེ་སོགས་ས་གནས་སུ་བསྐྱོད་དེ་ཏང་སྲིད་ལས་ཁུངས་དང་། གྲོང་ཁྱེར་གྱི་སྡེ་ཁུལ། གྲོང་གསེབ་དང་འབྲོག་ཁུལ། རིགས་ཁག་གི་སློབ་གྲྭ ཚན་ཞིབ་ལས་ཁུངས། རིག་གནས་ཚན་པ་བཅས་སུ་ཟབ་སྐྱོད་གནང་ནས་རིམ་ཁག་ལས་བྱེད་པ་དང་། རིགས་གཅིག་མཁས་པ་དང་རིག་གནས་པ། མི་རིགས་ཁག་གི་མང་ཚོགས་བར་གཅིག་གཏད་གཅིག་གི་བགྲོ་གླེང་གནང་བ་དང་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད། ཝང་དབྱང་གིས། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། དེ་ནི་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་རྒྱབ་ལྗོངས་ཆེ་ཤོས་དེ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་བསྐྱར་དར་ཡོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་རྣམ་པར་ངོས་འཛིན་གཏིང་ཟབ་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་དང་། ཡུན་རིང་གི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ། འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ། རླབས་ཆེན་གྱི་སྙིང་སྟོབས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ། ལོ་རྒྱུས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་གོང་འཕེལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་འཛད་མེད་ཀྱི་སྒུལ་ཤུགས་ཡིན་ཞིང་། མི་རིགས་ཁག་གི་ལོ་རྒྱུས་ཀྱི་ལེགས་སྐྱེས་དང་ལོ་རྒྱུས་མི་སྣའི་ནུས་པར་དོན་དངོས་གནས་ཚུལ་དང་འཚམས་པའི་གདེང་འཇོག་བྱ་དགོས། མི་རིགས་ཀྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བར་གྱི་འབྲེལ་བར་ཁོང་དུ་ཡང་དག་ཆུད་པ་བྱེད་པར་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ། གསར་གཏོད་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། ལས་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། དེང་རབས་ཀྱི་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པ་བཅས་བྱ་དགོས་ཞེས་གསུངས་ཡོད།
        ཝང་དབྱང་གིས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་རང་རྒྱལ་གྱི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཡོད་པས་དེར་གསོན་ཤུགས་ཆེན་པོ་ལྡན་ཡོད། མི་རིགས་རང་སྐྱོང་ས་གནས་ཡོད་ཚད་ནི་ཏང་གི་འགོ་ཁྲིད་འོག་གི་ས་གནས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཐུན་མོང་དུ་དབང་བའི་ས་གནས་ཡིན། རང་སྐྱོང་ས་གནས་ཀྱིས་རང་སྐྱོང་དབང་ཆ་སྤྱོད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་འཛིན་བཀའ་རྒྱ་བཅས་ལག་བསྟར་བྱ་རྒྱུར་འགན་ལེན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་རང་བཞིན་སྲུང་སྐྱོང་བྱ་དགོས། དུས་བསྟུན་མདུན་སྐྱོད་ཀྱི་ཐོག་ནས་མི་རིགས་སྲིད་ཇུས་ལ་དབྱེ་ཞིབ་དཔྱད་དཔོག་དང་ལེགས་སྒྲིག་འཐུས་ཚང་དུ་གཏོང་དགོས་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་། གནད་འཕིགས་ཇུས་འདོན། གཟབ་ནན་མདུན་སྐྱོད་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1