ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-27


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཚེས་ཉེར་ལྔ་ཉིན་ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས། ཨེ་མེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་གིས་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུ་དང་ལེན་བྱས་ཡོད་ཟེར། 
        ཕཱ་ཞེ་ནེ་དབྱང་གིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་བའི་ཆེད་དུ། དེ་རིང་ངས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཁོས་མགོ་ཁྲིད་པའི་སྲིད་ཏང་ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་ནང་ཞུགས་རྒྱུ་ཡིན་པ་དང་། ཁོ་རང་ཉིད་ཀྱིས་ཀྱང་ཡང་བསྐྱར་ཙུང་ལིའི་ལས་གནས་ལ་འགྲན་རྩོད་བྱེད་རྒྱུ་ཡིན་ཟེར། གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་། ཁོས་མུ་མཐུད་དུ་བཅའ་ཁྲིམས་སྒྲོམ་གཞིའི་ནང་ལྟ་སྐྱོང་ཙུང་ལིའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 
        ཨེ་མེ་ནི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཙུང་ཐུང་སཱ་ཨར་ཅི་ཞང་གིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ་ཙུང་ལིའི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་ཡོད་པ་ཁྱབ་བསྒྲགས་བྱས། 
        ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་བར་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་། ལོ་དེའི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། ཕྱོགས་གཉིས་ཀྱིས་ཨུ་རུ་སིའི་བར་འདུམ་འོག་འཁྲུག་རྩོད་དུས་གཏན་དུ་འཚམས་འཇོག་པ་མངོན་འགྱུར་བྱུང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1