བོད་ཀྱིས་དཔེ་རྙིང་མང་པོ་ཞིག་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-27



          བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་སྤྱི་ལོ་2020ལོའི་ཟླ་4པའི་ཚེས་25ཉིན་བམ་པོ་50དང་དཔེ་རྙིང་རྩ་ཆེན་6581དྲ་ཐོག་ནས་མཉམ་སྤྱོད་བྱས་ཡོད་ལ། ཉེ་ཆར་ཡང་བོད་ཀྱི་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོང་ལས་དོན་གྱི་གྲངས་གཞི་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱི་བམ་པོ་བརྒྱ་ལྷག་དང་དཔེ་རྙིང་རྩ་ཆེན་ཁྲི་1.6དྲ་ལམ་ནས་མཉམ་སྤྱོད་བྱས་ཡོད།
          ད་ལྟའི་བར་བོད་ལྗོངས་དཔེ་རྙིང་གི་གོ་ལ་ཧྲིལ་པོའི་ ༼   སྤྲིན་མཉམ་སྤྱོད་  ༽ སྟེགས་བུའི་ཐོག་དཔེ་རྙིང་རྩ་ཆེན་ཁྲི་2ལྷག་བཀོད་ཡོད་པ་རེད།
          དཔེ་རྙིང་རྩ་ཆེའི་དྲ་ཀློག་འགྲུལ་བཞུད་གསར་པ།
          བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་ངོས་སུ་༼  བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་ཚད་ལྡན་ཡིག་ཆའི་གྲངས་མཛོད་  ༽ ཅེས་པ་བསྣན་ཚེ་བོད་ཀྱི་རྩ་ཆེའི་དཔེ་རྙིང་ ༼  སྤྲིན་མཉམ་སྤྱོད་  ༽ ཀྱི་དྲ་ངོས་མཐོང་ཐུབ།

བོད་རིག་པའི་ཞིབ་འཇུག་པ་ཞིག་གིས་དྲ་ཐོག་ནས་དཔེ་རྙིང་ཀློག་བཞིན་པ།

          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱིས་ ༼  སྤྲིན་མཉམ་སྤྱོད་  ༽ ནང་རྣམ་ཐར་དང་དེབ་ཐེར་སྔོན་པོ་ལྟ་བུ་དུས་རབས་12ནས་20བར་གྱི་དཔེ་རྙིང་རྩ་ཆེན་23116ཡོད་པ་རེད།
          དཔེ་རྙིང་དྲ་ཐོག་ཏུ་མཉམ་སྤྱོད་བྱས་ཚུན་དྲ་ཐོག་གི་ཀློག་གྲངས་ཁྲི་10ལ་ཉེ་ཞིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་ཐོག་ཀློག་གྲངས་ཀྱི་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད།
          བེད་སྤྱོད་དང་སྲུང་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པ།
          དཔེ་རྙིང་གྲངས་གཞིར་བཟོ་རྒྱུ་ནི་ ༼  སྤྲིན་མཉམ་སྤྱོད་  ༽ མངོན་འགྱུར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་དཔེ་རྙིང་ཡོངས་བཤེར་བྱེད་རྒྱུ་དེ་གྲངས་གཞི་ཅན་གྱི་སྔོན་འགྲོ་ཡིན།
          སྤྱི་ལོ་2009ལོར་བོད་རང་སྐྱོང་ལྗོངས་སུ་ད་བར་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། ལོ་10ལྷག་རིང་གི་འབད་བརྩོན་བརྒྱུད་མིག་སྔར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད།


          བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་ནོར་བུ་གླིང་གར་དཔེ་རྙིང་ཆ་འཕྲིན་ཕབ་འཇུག་བྱེད་བཞིན་པ།
          མིག་སྔའི་བར་རང་སྐྱོང་ལྗོངས་ཀྱིས་དཔེ་རྙིང་18000ལྷག་ཙམ་ཡོངས་བཤེར་དང་ཐོ་འགོད་བྱས་པ་དང་། དཔེ་རྙིང་ཁག་305 ༼  རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་  ༽ ནང་ཚུད་ཡོད། རིམ་རྩིས་བྱས་ན་སྟོངས་ལ་ཉེ་བའི་དཔེ་རྙིང་ལྡེབ་མ་4000ལྷག་ཉམས་གསོ་བྱས་ཡོད།
          ཀྲུང་ཧྭ་རིག་གནས་ཀྱི་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད་པའི་གདེང་ཚོད།
          ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་ནོར་བུ་གླིང་ཁར་གསར་འགོད་པས་ཡོངས་བཤེར་མི་སྣས་དེ་གར་ཉར་ཚགས་བྱས་པའི་དཔེ་རྙིང་ཡོངས་བཤེར་ཐོ་འགོད་བྱེད་བཞིན་པ་དང་འཕྲད་ཡོད།
          ལས་དོན་མི་སྣ་ཚེ་ལོས་གསར་འགོད་པར། གསལ་འབྱེད་དང་། དུས་རབས་ངོས་འཛིན། ཆེ་ཆུང་ཚད་ལེན། བོད་རྒྱ་སྐད་ཡིག་གཉིས་ཀྱི་གློག་རྡུལ་ཅན་ཕབ་འཇུག་སོགས་ནང་དོན་ཁག་15ཐོ་འགོད་བྱེད་ཀྱི་ཡོད་པ་དང་། ལས་དོན་མི་སྣས་ཚད་ལྡན་ལས་རིམ་བརྩི་སྲུང་ནན་པོ་ཞུས་ནས་དཔེ་རྙིང་གི་ལྡེབ་མ་རེ་རེ་བཞིན་ཞུ་དག་དང་གཙའ་སེལ་བྱས་པ་དང་། འབུས་བཟས་པ་དང་འཕྲོ་བརླག་སོང་བ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཐོ་འགོད་བྱས་ཡོད་ཅེས་གསུངས།

བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་དཔེ་རྙིང་ཉམས་གསོ་བྱེད་པ།
          འདི་ལོ་བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་བརྡ་སྤྲོད་གཙོ་བོ་བྱས་པའི་དཔེ་རྙིང་གྲངས་གཞི་བཟོ་བའི་དཀར་ཆག་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་དང་། སྤྱི་ལོ་2022ལོར་༼  རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་  ༽ གི་དཔེ་རྙིང་དང་བོད་རིགས་ཀྱི་སྲོལ་རྒྱུན་གནམ་རིག་སྐར་རྩིས། བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་གྲངས་གཞིར་བཟོ་བའི་དཀར་ཆག་བཟོ་བ་དང་། སྤྱི་ལོ་2023ལོར་སླེབས་སྐབས་སྙན་ངག་རིག་པ་སོགས་ཁྱབ་ཁོངས་ཀྱི་དཔེ་རྙིང་གྲངས་གཞི་བཟོ་བའི་དཀར་ཆག་ལེགས་སྒྲུབ་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1