ནེ་ཀྲི་རི་ཡཱའི་དམག་དཔུང་གིས་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བསད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་མངའ་སྡེ་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བསད་པ་དང་། དམག་ཕྱོགས་ཀྱི་མི་བདུན་རྐྱེན་ལམ་དུ་ཤོར་ཟེར། 
        ནེ་ཀྲི་རི་ཡཱའི་སྐམ་དམག་གི་མགྲིན་ཚབ་པ་ཡེ་ལི་མཱ་ཡིས་ཚེས་ཉེར་དྲུག་ཉིན་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། པའོ་ཨར་ནོའུ་མངའ་སྡེ་ཡི་མཱེ་ནོའུ་ཁི་གྲོང་རྡལ་དུ་སྡོད་པའི་དམག་དཔུང་ཞིག་ལ་ཚེས་ཉེར་ལྔ་ཉིན་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་རེད། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་དང་། ས་འོས་དམག་དཔུང་གིས་མཁའ་དམག་གི་འཐབ་འཛིང་གནམ་གྲུ་དང་དྲག་ཆས་གྱེན་འཕུར་གནམ་གྲུའི་རོགས་སྐྱོར་འོག དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་བསད་པ་དང་། དྲག་ཆས་ཉེས་ཅན་གྱིས་བེད་སྤྱོད་བྱེད་པའི་དྲག་ཆས་རླངས་འཁོར་འགའ་གཏོར་བཤིག་བཏང་། འཁྲུག་རྩོད་དེ་ལས་ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་དམག་དཔོན་གཅིག་དང་དམག་མི་དྲུག་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་དམག་མི་ལྔར་རྨས་ཕོག་ཡོད་ཟེར། 
        ཡེ་ལི་མཱ་ཡིས་བཤད་རྒྱུར། མིག་སྔར་མཱེ་ནོའུ་ཁི་གྲོང་རྡལ་དང་དེའི་ཉེ་འཁོར་ས་ཁུལ་དུ་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་པ་དང་། བྲོས་བྱོལ་བྱས་པའི་དྲག་ཆས་ཉེས་ཅན་རྗེས་འདེད་བྱེད་བཞིན་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1