གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༢༩ཉིན།

རྒན་ཡོལ་ཞུས་ཀྱང་དམངས་ལ་ཞབས་འདེགས་ཞུ་བའི་སྤྲོ་སེམས་མི་ཉམས་པ།


—— བགྲེས་སོང་བློ་བཟང་དོན་གྲུབ་ཀྱི་ཐོག་མའི་བསམ་འདུན་གྱི་གཏམ་རྒྱུད།

          ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་དུ་བྱམས་བརྩེ་ཆེ་བའི་བགྲེས་སོང་ཞིག་ཡོད་པ་དང་། སྡེ་ཁུལ་གྱི་བོད་རིགས་ཚང་མས་ཁོང་ལ“པཱ་ལགས”ཞེས་འབོད་པ་དང་རྒྱ་རིགས་བློ་མཐུན་ཚོས་ཁོང་ལ“ཨ་ཁུ་ལགས”ཞེས་འབོད་ཀྱི་ཡོད། རྒྱུན་དུ་གྲོང་པ་ཁྱིམ་མཚེས་ལ་ལས་ཀ་ཆེ་ཆུང་གང་འཕྲད་ཀྱང་ཚང་མས་ཁོང་ལ་འདྲི་བར་ཡོང་གི་ཡོད། ཁོང་ནི་བགྲེས་སོང་བློ་བཟང་དོན་གྲུབ་རེད།

          འདི་ལོ་ལོ་71ལ་སླེབས་པའི་བགྲེས་སོང་ཁོང་རྒན་ཡོལ་ཞུས་ནས་ལོ་23སོང་། “ཏང་གི་རྗེས་སུ་འབྲང་རྒྱུ་ནི་ངའི་གདམ་ག་བརྟན་ཤོས་དེ་ཡིན”བློ་བཟང་དོན་གྲུབ་མ་གཞི་རྒན་ཡོལ་ཞུས་ཀྱང་ཁོང་གིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཏང་གི་དམངས་ཕན་སྲིད་ཇུས་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུ་སྡེ་ཁུལ་གྱི་མང་ཚོགས་ལ་སྦྱིན་ཏེ་གྲོང་མི་དང་སྡེ་ཁུལ་དབར“སེམས་ཀྱི་སྦྲེལ་ཟམ”ཞིག་དངོས་འབྲེལ་བསྐྲུན་ཡོད།
          སྲིད་ཇུས་སྒྲོག་འགྲེལ་གྱི“སྣེ་ཁྲིད་པ”
          ཞོགས་པའི་ཉི་ཟེར་ས་གཞིར་འཕྲོ་མ་ཐག་བློ་བཟང་དོན་གྲུབ་ཀྱིས་སྡེ་ཁུལ་གྱི་གྲོང་ལྷན་དུ་དེ་རིང་གི་ཚགས་པར་ལེན་པར་ཡོང་ནས་ཉིན་གཅིག་གི་སློབ་སྦྱོང་བྱེད་འགོ་བརྩམས།
          “ང་རྒན་ཡོལ་ཞུས་རྗེས་ཁོམ་པ་མང་པོ་འདུག ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ཡག་པོ་བྱས་ཏེ་སྡེ་ཁུལ་གྱི་མང་ཚོགས་ལ་གསལ་འགྲེལ་བྱེད་ཀྱི་ཡོད”ཁོང་གིས་ཚགས་པར་ཁ་ཕྱེ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བརྡ་ཐོ་ཚིག་རེ་རེ་བཞིན་བཀླགས་རྗེས་གོ་བ་ལེན་ཁག་པའི་གནས་སུ་རྟགས་རེ་བརྒྱབ་ནས་ཟིན་བྲིས་བརྒྱབ།

          ཆུ་ཚོད་གཉིས་ལྷག་ཙམ་སོང་རྗེས་བློ་བཟང་དོན་གྲུབ་ཀྱིས་ཟིན་བྲིས་དེབ་ཁྱེར་ནས་ཁྱིམ་གྱི་སྒོ་ཐོན། “འདི་ནི་ཕྱོགས་མིའི་ཆ་འཕྲིན་རེའུ་མིག་ཡིན། གཟའ་འཁོར་འདིར་ཕྱི་ནས་མི་17སླེབས་འདུག་པས་ཁོང་ཚོར་གནས་གཡར་ལག་ཁྱེར་གཉེར་དགོས། དེ་བྱིངས་ཀྱི་མི་དེ་དག་གི་གནས་གཡར་ཆ་འཕྲིན་གསར་བརྗེས་བྱེད་དགོས”བློ་བཟང་དོན་གྲུབ་ཀྱིས་ཟིན་བྲིས་དེབ་ནང་བཅུག་པའི་རེའུ་མིག་ཅིག་བརྒྱད་གཅིག་སྡེ་ཁུལ་ཨུ་ལྷན་གྱི་ཀྲུའུ་རེན་འཆི་མེད་རྣམ་རྒྱལ་ལ་སྤྲད་པ་དང་སྦྲགས་སློབ་སྦྱོང་སྐབས་་འཕྲད་པའི་དཀའ་གནད་ཁོང་ལ་བཀའ་འདྲི་ཞུས།

          སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། བློ་བཟང་དོན་གྲུབ་ཀྱིས་རང་ཉིད་ལ“ངེས་པར་དུ་ལྟ་དགོས་པ་བཞིའི”གཏན་འབེབས་བཟོས་པ་སྟེ། ཀྲུང་དབྱང་གི་གསར་འགྱུར་མཉམ་བསྒྲགས་ངེས་པར་དུ་ལྟ་དགོས་པ་དང་། ཏང་གི་ཚགས་པར་ངེས་པར་དུ་ཉིན་ལྟར་ལྟ་དགོས་པ། གསར་དུ་བཏོན་པའི་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་བཀྲམ་པའི་བཅའ་ཁྲིམས་ཁྲིམས་སྲོལ་ངེས་པར་དུ་ལྟ་དགོས་པ། སྡེ་ཁུལ་གི་སློབ་སྦྱོང་གི་རེ་བ་གསར་ཤོས་ངེས་པར་དུ་ལྟ་དགོས་པ་བཅས་ཡིན། ཁོང་ལ་ད་དུང་ལུས་དང་བྲལ་མེད་དུ་ཁྱེར་བའི་ཟིན་བྲིས་དེབ་ཅིག་ཡོད་པ་དེའི་ནང་ལས་ཀའི་བསམ་གཞིགས་མྱོང་ཚོར་འཁོད་ཡོད་པས་གོ་སྐབས་བྱུང་མ་ཐག་སྡེ་ཁུལ་གྱི་གྲོང་མིར་དྲིལ་བསྒྲགས་བྱེད་ཀྱི་ཡོད།
          གྲོང་མིས་ཡིད་ཆེས་བྱེད་པའི“སྙིང་ཉེ་བ”
          1998ལོར་རྒན་ཡོལ་ཞུས་པའི་བློ་བཟང་དོན་གྲུབ་ཀྱིས་རང་འགུལ་ངང་སྡེ་ཁུལ་གྱི་དུད་སྦྲེལ་འཐུས་མིའི་ཙུའུ་ཀྲང་གི་འགན་ཁུར་ནས་ལས་གནས་ཐོག་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དག་གྲོང་མིར་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་བེད་སྤྱད་དེ་གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག་བྱས་ནས་འགལ་ཟླ་སེལ་གྱི་ཡོད།

          ལོ་56ལ་སླེབས་པའི་ཁྲེན་ཧོའུ་ཧྥུའུ་ཆང་རག་འཐུང་དགའ་བ་དང་རྟག་ཏུ་མི་གཞན་དང་རྩོད་པ་ཤོར་གྱི་ཡོད། སྡེ་ཁུལ་ནས་ཁོང་ལ་སློབ་གསོ་ཐེངས་མང་བརྒྱབ་ཀྱང་ཕན་འབྲས་ཐོན་མེད་པས་སེམས་རྩ་འཁོལ་བའི་བློ་བཟང་དོན་གྲུབ་ཀྱིས་རང་འགུལ་ངང་ལས་འགན་འདི་དང་དུ་བླངས་པ་རེད།
          “ཙུའུ་ཀྲང་ལགས། ང་དབང་པོ་སྐྱོན་ཅན་ཡིན་པའི་ཁར་གྲོགས་མེད་ཁེར་རྐྱང་ཡིན་པས། མི་ཚང་མས་ང་ལ་མཐོང་ཆུང་བྱེད་ཀྱི་འདུག ཁྱེད་ཀྱིས་ང་ལ་ཁ་ཡ་བྱེད་དགོས་མེད”ཅེས་ཁྲེན་ཧོའུ་ཧྥུའུ་ཡིས་བློ་བཟང་དོན་གྲུབ་ཀྱི་ཁྱིམ་དུ་ཁ་ལག་ཐེངས་གཉིས་པ་ཟ་བར་ཡོང་སྐབས་རང་ཉིད་ཀྱི་སྙིང་གཏམ་བཤད།

          “ང་རང་རྐང་པ་བདེ་པོ་མེད་པའི་ཁར་རྒས་ཁོག་ཅིག་ཡིན་པས། ང་ལ་གཞན་གྱིས་མཐོང་ཆུང་བྱེད་ངེས་རེད། མི་གཞན་གྱིས་ཁྱེད་ལ་མཐོང་ཆུང་བྱེད་དོན་ནི་རང་ཉིད་ཀྱིས་ཡར་རྒྱས་འགྲོ་འདོད་མ་བྱས་པས་རེད”ཅེས་བློ་བཟང་དོན་གྲུབ་ཀྱིས་རང་ཉིད་ཀྱི་རྐང་པར་རྨས་སྐྱོན་ཕོག་པའི་གནས་ཚུལ་བཤད་པ་མ་ཟད། ངང་རྒྱུད་རིང་པོའི་སྒོ་ནས་ཁྲེན་ཧོའུ་ཧྥུའུ་ལ་ངེས་པར་དུ་རང་མགོ་རང་ཐོན་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་མི་གཞན་གྱི་བརྩི་འཇོག་ཐོབ་རྒྱུ་རེད་ཅེས་ལྕག་སྐུལ་བྱས།
          ད་ཆ་ཁྲེན་ཧོའུ་ཧྥུའུ་ལ་ལས་ཀ་བརྟན་པོ་ཞིག་ཡོད་ཅིང་། དེ་སྔ་བཞིན་ཆང་རག་བཏུངས་ནས་ལས་ཀ་འཕྱུགས་པའི་གནས་ཚུལ་ཐོན་གྱི་མེད་པ་མ་ཟད། རྟག་ཏུ་གྲོང་པ་ཁྱིམ་མཚེས་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱི་ཡོད།
          རྒན་ཡོལ་ཞུས་ཚུན་བློ་བཟང་དོན་གྲུབ་ཀྱིས་འགལ་ཟླ་མང་པོ་བསལ་ཞིང་། ཁྱིམ་མཚེས་དང་ཁྱིམ་ཚང་ནང་ཁུལ་ཡིན་ན་འདྲ་ཡང་ན་སྡེ་ཁུལ་ཕྱི་ནང་གང་ཡིན་རུང་། ཚང་མས་བློ་བཟང་དོན་གྲུབ་ཀྱི་ཁ་ཏ་བསླབ་བྱར་ཉན་འདོད་བྱེད་ཀྱི་ཡོད། 
          སྡེ་ཁུལ་ལས་དོན་གྱི“སྣེ་ཁྲིད་པ”
          བློ་བཟང་དོན་གྲུབ་ཀྱིས་རྒྱུན་དུ་དཔུང་རྟགས་དམར་པོ་བཏགས་པ་དང་སྤུན་དོག་ལྗང་ཁུ་དཀྲིས་པའི་འཁར་རྒྱུག་གཅིག་འཁྱེར་གྱི་ཡོད། ཉིན་རེའི་སློབ་སྦྱོང་ཚར་རྗེས་ཁོང་གིས་འཆར་ཅན་ངང་སྡེ་ཁུལ་དུ་སྐོར་གཡེང་བྱེད་ཀྱི་ཡོད།
          “དེར་རླངས་འཁོར་བཞག་ཆོག་གི་མ་རེད། ཁྱེད་ཀྱིས་རླངས་འཁོར་ས་ཆ་གཞན་དུ་འཇོག་རོཌ”“སྡེ་ཁུལ་ནང་རླངས་འཁོར་མགྱོགས་པོ་དེ་འདྲ་བཏང་ན་འགྲིག་གི་མ་རེད”“ཁྱེད་ཚོ་འགྲོ་ལམ་ཐོག་རྩེད་མོ་མ་རྩེད། འགྲོ་འོང་བྱེད་མཁན་རླངས་འཁོར་ལ་དོ་སྣང་བྱེད་དང”ཞེས་སྐད་ཆ་དེ་འདྲ་བློ་བཟང་དོན་གྲུབ་ཀྱིས་ཡང་ཡང་བརྗོད་ཀྱི་ཡོད། བརྒྱད་གཅིག་སྡེ་ཁུལ་དུ་ཕྱོགས་མི་ཁྲི་1.9ཙམ་ཡོད་པ་དང་མང་བའི་དུས་སུ་ཁྲི་2ཙམ་ཟིན་གྱི་ཡོད་པས་རླངས་འཁོར་དང་མི་འགྲོ་འོང་བྱེད་མཁན་མང་བས་དོ་དམ་བྱེད་དཀའ་བར་བརྟེན་བློ་བཟང་དོན་གྲུབ་རྒྱུན་དུ་ལས་བྲེལ་ཆེན་པོ་ཡོད།
          “པཱ་ལགས་ཁྱེད་རང་ལོག་ཕེབས། དེར་ངས་ཡག་པོ་བལྟས་ཆོག”ཅེས་ཇ་ཁང་གི་སྦྱིན་བདག་སྒྲོལ་མས་བློ་བཟང་དོན་གྲུབ་ཇ་ཁང་སྒོ་འགྲམ་དུ་ཐེངས་མ་གསུམ་སླེབས་པ་མཐོང་སྐབས་སེམས་ཀྱིས་མ་བཟོད་པར་དེ་ལྟར་བཤད། “པཱ་ལགས་གཟུགས་པོ་ཐང་པོ་མེད་པ་ཚང་མས་ཤེས་གསལ་རེད། ན་ནིང་ནས་འདི་ལོའི་བར་ཐེངས་གསུམ་མགོ་ཡུ་འཁོར་ནས་འགྱེལ་བ་རེད། འོན་ཀྱང་ཁོང་གིས་ཁྱིམ་དུ་ངལ་གསོ་མ་རྒྱག་པར་མུ་མཐུད་ལས་ཀ་བྱེད་ཀྱི་ཡོད”ཅེས་བཤད།

          “ང་དཀའ་ལས་ཁག་གི་མིན་འདུག ལས་ཀ་བྱས་ན་སྣང་བ་སྐྱིད་པོ་འདུག”ཅེས་བློ་བཟང་དོན་གྲུབ་ཀྱིས་བཤད།
          རྟ་ཕོ་རྒས་ཀྱང་གོམ་འགྲོས་མི་ཉམས་ཞེས་པའི་དཔེ་ལྟར་བློ་བཟང་དོན་གྲུབ་རྒན་ཡོལ་ཞུས་ཀྱང་མུ་མཐུད་ལེགས་སྐྱེས་ཕུལ་ཏེ་རང་ཉིད་ཀྱི་ཚེ་མཇུག་འཚོ་བ་དོན་སྙིང་ལྡན་པ་ཞིག་ཡོང་བ་བྱེད་ཀྱི་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1