གསེར་རྟ་རྫོང་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-30



     ཉེ་ཆར། གསེར་ཐལ་རྫོང་སློབ་འབྲིང་གིས་དགེ་སློབ་མཉམ་ཞུགས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་དམིགས་ཏེ༼ཐོན་མིའི་ཕྱག་རྒྱུན༽ཞེས་པའི་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་རེད། སློབ་གྲོགས་ཡོངས་ཀྱིས་ཡིད་དུ་འོང་བའི་སློབ་ལྭ་དང་ཅ་དག་པའི་བོད་ལྭ་གྱོན་ནས། ཡིག་གཟུགས་དུས་ཆེན་དང་དཔེ་ཀློག་དུས་ཆེན་གཉིས་སྟབས་གཅིག་ཏུ་རོལ།

        ཡིག་གཟུགས་འགྲན་སྡུར་ལ་ཞུགས་མཁན་རྣམས་དཀྱིལ་དུ་བསྡད། དེ་མིན་དགེ་སློབ་རྣམས་མཐའ་རུ་བསྒྲིགས་ནས། སྙན་འཇེབས་ཀྱི་རོལ་མོ་ཞིག་དང་འགྲོགས་ནས་སློབ་གླིང་འདིའི་དགེ་སློབ་ཡོངས་དཔེ་ཀློག་དང་སྒྱུ་རྩལ་གྱི་འཇིག་རྟེན་དུ་ཆས་པས།ཡུན་རིང་རེ་སྒུག་བྱས་པའི་བྱེད་སྒོ་འདི་ཡང་མིག་ལ་མཛེས་ཤིང་སྙིང་དུ་སྡུག་པ་ཞིག་ཏུ་གྱུར།

     ཐེངས་འདིའི་འགྲན་སྡུར་དུ་དཔེ་སྟོན་གྱི་ཚུལ་དུ་ཕེབས་པའི་སློབ་གྲྭའི་དགེ་རྒན་འགའ་ཡང་མཉམ་ཞུགས་བྱས་འདུག་སྟེ། དེ་ལས་དགེ་རྒན་བཀྲ་ཤིས་ཆོས་མཚོ་ནི་ཁུལ་རིམ་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་གྲུབ་འབྲས་དམིགས་བསལ་བླངས་མྱོང་བའི་ཡིག་མཁན་ཞིག་ཡིན་པ་དང་། གཞན་ཡང་མཛེས་རྩལ་ཕྱོགས་ཀྱི་ཆེད་ལས་དགེ་རྒན་བང་ཁེ་དང་ཀོ་ཧན་ཆིན། དགེ་རྒན་ཐུབ་བསྟན་གྲགས་པ་དང་བློ་བཟང་དྲི་མེད། གློག་པ། དབྱངས་ཅན་སོགས་ཀྱང་མཉམ་ཞུགས་བྱས།

གསེར་རྟ་རྫོང་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།

གསེར་རྟ་རྫོང་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།

གསེར་རྟ་རྫོང་སློབ་འབྲིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།

     ཐེངས་འདིའི༼ཐོན་མིའི་ཕྱག་རྒྱུན༽གྱི་ཡིག་གཟུགས་འགྲན་སྡུར་ལས་བྱ་དགའི་ཨང་རིམ་ལ་ཨང་དང་པོ་གཉིས་དང་། གཉིས་པ་བཞི། གསུམ་པ་དྲུག། ཕུལ་བྱུང་བྱ་དགའ་བཅུ་བཅས་བདམས་ཐོན་བྱུང་བས། ཁོང་ཅག་ལ་བྱ་དགའི་རིམ་པ་ལྟར་གཏང་རག་སྤྲད་པ་དང་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་ཆུང་ཆུང་ཞིག་ཀྱང་སྤེལ་ཞིང་། འགྲེམ་སྟོན་སྟེང་དུ། བྱ་དགའ་ཐོབ་པའི་ཡིག་གཟུགས་ལས་གཞན་དགེ་རྒན་བཀྲ་ཤིས་ཆོས་མཚོ་དང་དགེ་རྒན་བང་ཁེ་གཉིས་ཀྱི་ཡིག་གཟུགས་ཀྱང་དཔེ་སྟོན་གྱི་ཚུལ་དུ་འགྲེམ་སྟོན་བྱས་སོང་བས། འགྲེམ་སྟོན་གྱི་བྱེད་སྒོ་འདིས་ཀྱང་སློབ་གྲོགས་མང་པོ་ཞིག་གི་ཡིག་གཟུགས་ལ་སྐུལ་ལྕག་གི་ནུས་པ་ཐོན་ཐུབ་པར་མ་ཟད། ཁོང་ཅག་ལ་ཡིག་གཟུགས་སྦྱོང་འདོད་ཀྱི་ཀུན་སློང་སྐྱེ་རུ་བཅུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1