༄༅།ལྷ་སའི་ཆུ་གོང་གི་གནའ་ཤུལ།།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-30


 སྤྱི་ལོ1984ལོར་ལྷ་སའི་ཆུ་གོང་གནའ་ཤུལ་ནས་རྙེད་པའི་གནའ་རྫས་ཁག་དེའི་རིགས་དང་དབྱེ་བ་ཧ་ལམ་ཙམ་ཞིག་རྒྱ་ཡིག་གི《བོད་ལྗོངས་ཞིབ་འཇུག》1990ལོའི་དེབ4པ་ལས། གནའ་ཤུལ་དེ་ནི་ལྷ་ས་གྲོང་གི་བྱང་ཕྱོགས་ཀྱི་གྲོང་མཐའ་ཆུ་གོང་དུ་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་ལྷག་ཙམ་ཡོད། གནའ་ཤུལ་གྱིས་ཁྱབ་པའི་རྒྱ་ཁྱོན་ཧ་ལམ་སྨི་གྲུ་བཞི་མ་ཁྲི་གཅིག་ལྷག་ཙམ་ཡོད་ལ། ཐེངས་འདིར་སྔོག་འདོན་བྱས་པ་ནི་ཧ་ལམ་སྨི་གྲུ་བཞི་མ་ལྔ་བརྒྱ་ལྷག་ཙམ་ཡིན། གནའ་ཤུལ་དེའི་ནུབ་ཕྱོགས་སུ་སྤྱི་ཁྲེ་སུམ་བརྒྱ་ཙམ་གྱི་ས་མཚམས་ན་དུར་ཁྲོད་ཅིག་གསར་དུ་རྙེད་པ་ལས་བམ་རོ་སུམ་ཅུ་ལྷག་ཙམ་ཞིག་བསྔོགས་ནས་ཐོན། གཞན་ས་དོང་ཆེན་པོ་བཅུ་ལྷག་རྙེད་ཡོད་པ་དེ་དག་ཕལ་ཆེར་དབྱིབས་ཟླུམ་གཟུགས་སུ་སྣང་ལ། དོང་གི་ནང་དུ་རྫ་ཆག་དང་། སེམས་ཅན་གྱི་རུས་པ། རྡོ་ཆས་དང་རྡོ་དུམ་སོགས་ཡོད་པ་འདིས་སྐབས་དེར་ལག་ཤེས་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་ར་སྤྲོད་ཐུབ།  རུས་ཆས་ཀྱི་སྐོར་ལ་མང་ཆེ་བ་ནི་སེམས་ཅན་གྱི་རྐང་ལག་གི་རུས་པ་ལས་བཟོས་པའི་ཁབ་དང་། འབུག སོ་མང་། སྐྲ་གཟེར། མདའ་རྩེ་སོགས་ཡོད་ལ་དེའི་ནང་ཆེས་ཡ་མཚན་ཅན་ཞིག་ནི་རུས་ཁབ་རྩེ་མོ་ན་ཁབ་མིག་ཡོད་པ་དེང་དུས་ལྕགས་བཟོའི་ཁབ་དབྱིབས་དང་ཆེས་མཚུངས་པར་སྣང་།  རྫ་ཆས་ཀྱི་རིགས་ལ་ཆེ་ཆུང་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་རྫ་མ་ལུང་གཅིག་ཅན་དང་། རྫ་མ་ལུང་གཉིས་ཅན། ལྷུང་བཟེད། ས་རྫའི་གཟར་བུ། རྫ་བུམ་སྐེ་རིང་ཡོད་པ་དེ་དག་བཟོ་དབྱིབས་མཛེས་ཤིང་སྤུས་ཚད་དག་པོར་ཡོད་པ་སྐབས་དེའི་རྫ་མ་བཟོ་རྒྱུའི་ལག་རྩལ་ཧ་ཅང་མཐོན་པོར་སླེབས་ཡོད་པ་ཤེས་ཐུབ།  རྒྱན་ཆའི་སྐོར་ལ། རུས་པའི་སྐྲ་གཟེར་དང་། རྣ་རྒྱན། ས་རྫའི་གདུ་བུ་དང་། རྡོའི་གདུ་བུ་སོགས་ཡོད་པ་དེ་དག་ཕལ་ཆེར་མགོ་རྒྱན་གྱི་གྲས་སུ་ངེས། གཞན་ཡང་རྟ་རུས་དང་། ནོར་རུས། ར་ལུག་གི་རུས་པ། ཉ་རུས་བཅས་ཡོད་ཅེས་འཁོད་འདུག  ཆུ་གོང་གནའ་ཤུལ་དུ་བམ་རོ་སུམ་ཅུ་ཙམ་སྦས་པའི་ཉེ་འགྲམ་ན། ས་དོང་བཅུ་ལྷག་ཙམ་གྱི་ནང་དུ་ལག་ཆ་སྣ་ཚོགས་དང་། རྒྱན་ཆ། སེམས་ཅན་གྱི་རུས་པ་སྣ་ཚོགས་བཅས་རྙེད་པ་འདི་དག་ལ་དཔྱད་ན། གནའ་རྫས་དེ་དག་ནི་མི་ཤི་བའི་རྗེས་སུ་རང་གི་གོས་རྒྱན་དང་། ལག་ཆ། གཅེས་ནོར་སོགས་ལྷན་དུ་སྦས་པའི་རྟགས་ཡིན་པར་སེམས་ཏེ། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་བའི་གོང་དུ་བོན་གྱི་རང་ལུགས་ལ་དེ་ལྟའི་སྲོལ་རྒྱུན་ཡུན་རིང་པོར་གནས་ཡོད་ལ། ལྷག་པར་དུ་ཉ་ཡི་རུས་པ་རྙེད་པ་དེ་ལ་བསམས་ན་དུར་རྫས་ཡིན་པ་འདྲ་སྟེ། སྒོ་ཕྱུགས་དུར་ནོར་དུ་རྫོང་བ་ལྟ་ཅི་སྟེ། ཉ་རིགས་ཀྱང་དུར་ནོར་དུ་རྫོང་བའི་སྲོལ་ཡོད་པར་གསལ་ཏེ། བོན་ལུགས་ཀྱི་ཆོ་གར་གྱུར་པའི་དེང་དུས་ཀྱི《དུར་ཆོག》དག་ལས། ཉ་ཕག་ར་ཤ་རྒྱུ་མ་འདི།། ཁྱོད་ཀྱི་དུར་རྒྱགས་རྫོངས་སུ་འདེབས།། འདི་ལ་དུར་གྱི་རྒྱགས་སྐལ་གྱིས།། གསོན་གྱི་ཟས་གཡང་མ་རྐུ་ཞིག ། ཅེས་སོགས་ཉ་རིགས་དུར་ནོར་དུ་རྫོང་བ་ཡིག་ཆ་ཙམ་དུ་མ་ཟད། གཤིན་པོའི་དུར་ནོར་ལ་གང་བབས་ཀྱི་སེམས་ཅན་དེའི་གཟུགས་བརྙན་ཟན་གྱིས་བཅའ་བའམ་ཡང་ན་གཏོར་མ་ལ་པར་དུ་བཏབ་སྟེ། དུར་རྫས་གཞན་དག་དང་བཅས་མཚུན་གྱི་བེམ་པོ་དང་ལྷན་དུ་དུར་ནང་བསྐྱལ་ཏེ། གོང་གི་ཆོ་ག་འདི་རྣམས་ཀློག་གིན་ཡོད་པ་ནི་བོད་མི་ཀུན་ལ་གསལ་ལྟར་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1