གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༠༨ཉིན།

བོད་ལྗོངས་རྒྱལ་མོ་རྔུལ་ཆུའི་ལུང་པར་གསའ་དང་གཟིག་ས་ཁོངས་གཅིག་ནང་ཁྱབ་པ།


     མི་དམངས་དྲ་བའི་ཆབ་མདོ་གསར་འགོད་པའི་ས་ཚིགས་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 2018ལོ་ནས་བཟུང་། ཀྲུང་གོའི་སྔོ་འགྱུར་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་བོད་ལྗོངས་ཆབ་མདོའི་སྟེང་ཆེན་རྫོང་གིས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་ལས་བྱས་ཏེ་རྒྱལ་མོ་རྔུལ་ཆུའི་ལུང་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཕྱོགས་མང་ཞུགས་པའི་གསར་གཏོད་རྣམ་པ་དཔེ་སྟོན་བྱས་ནས་ས་ཁོངས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བ་རེད། འབྲོག་པའི་ལྟ་ཞིབ་ཚད་ལེན་པ་གསོ་སྦྱོང་བྱས་པ་བརྒྱུད་མིག་སྔར་རྒྱལ་མོ་རྔུལ་ཆུའི་རོང་ཁུལ་དུ་དམར་ཕྱིའི་པར་ཆས་100ཙམ་བཀོད་སྒྲིག་བྱས་ཡོད་ཅིང་། ལྟ་ཞིབ་ཚད་ལེན་ཁྱབ་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1000ཙམ་ཟིན་པས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཁུལ་དུ་གཅན་གཟན་རིགས་21ཟིན་ཐོར་བཀོད་ཡོད་པ་རེད།


     ཟླ་5ཚེས་6ཉིན་གསར་འགོད་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་མོ་རྔུལ་ཆུའི་ལུང་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་གསུམ་པོར་གསའ་དང་གཟིག་ས་ཁོངས་གཅིག་ནང་ཁྱབ་པའི་བརྙན་པར་ཡིག་ཚགས་ཟིན་ཐོར་བཀོད་པ་དེའི་ཐོག་ནས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གསའ་དང་གཟིག་ས་ཁོངས་གཅིག་ཏུ་བརྟན་པོར་གནས་པ་དང་ས་ཁོངས་དེར་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལྡན་པ་མཚོན་ཡོད་པ་རེད།

     “སྐྱེ་ཁམས་མ་ལག་གི་ཤ་གཟན་སྲོག་ཆགས་རྩེ་གྲས་ཡིན་པའི་ངོས་ནས་གསའ་དང་གཟིག་གནས་པ་དེའི་ཐོག་ནས་ས་ཁོངས་དེར་ཟས་རིགས་འདང་ངེས་ཤིག་གིས་ཤ་གཟན་སྲོག་ཆགས་ཆེ་གྲས་དེ་དག་ལ་རྒྱབ་སྐྱོར་བྱེད་ཐུབ་པ་དང་འཐུས་སྒོ་ཚང་ལ་བདེ་ཐང་གི་སྐྱེ་ཁམས་མ་ལག་ལྡན་ཡོད་པ་མཚོན་ཡོད། ” རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་གསལ་བཤད་བྱེད་རྒྱུར། “འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱུན་པར་གསའ་ནི་གངས་ཐིག་ཐོག་འཚོ་བ་སྐྱེལ་གྱི་ཡོད་ལ་གཟིག་ནི་ནགས་ཚལ་ནང་འཚོ་བ་སྐྱེལ་གྱི་ཡོད་པས་སྲོག་ཆགས་རིགས་གཉིས་མཉམ་དུ་ས་ཁོངས་ནང་ཡང་ཡང་ཐོན་གྱི་ཡོད་པས་ན་ང་ཚོས་གནམ་གཤིས་འགྱུར་ལྡོག་བྱུང་བ་དེས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ས་ཁོངས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དང་དེ་བཞིན་ཆ་རྐྱེན་གསར་པའི་འོག་ཤ་གཟན་སྲོག་ཆགས་ཆེ་གྲས་གཉིས་བར་གྱི་བྱེད་སྒོའི་འབྲེལ་བ་ལ་སྔར་བས་དོ་སྣང་བྱེད་དགོས་པ་རེད།”


     ལྟ་ཞིབ་ཚད་ལེན་ཐུབ་པའི་བརྙན་ཐུང་ནས་བལྟས་ན། གསོམ་སྡོང་དང་བྲག་རྡོ་ཆེན་པོའི་མདུན་དུ་གསའ་དང་གཟིག་རིམ་པ་བཞིན་བསྐྱོད་མྱོང་ཡོད། གཟིག་གིས་ཐོག་མར་བྲག་རྡོ་དང་སྡོང་བོའི་འགྲམ་ནས་བསྡད་དེ་དྲི་མ་སྣོམ་ནས་ཕལ་ཆེར་སྲོག་ཆགས་གཞན་པའི་མཚོན་རྟགས་ཀྱི་བརྡ་འཕྲིན་ཐོབ་པར་བྱེད་པ་དང་། “ཞི་ལའི་ཚན་གྱི་སྲོག་ཆགས་ཀྱིས་རྒྱུན་པར་བྲག་རྡོ་དང་ཤིང་སྡོང་ཆེན་པོ་སོགས་མངོན་གསལ་དོད་པའི་ས་ཆར་གཅིན་དང་གཅིན་སྐྱག་སོགས་བརྒྱུད་ནས་མཚོན་རྟགས་བཀོད་དེ་སྲོག་ཆགས་གཞན་དག་ལ་རང་ཉིད་ཀྱི་མངའ་ཁོངས་ས་ཆ་གསལ་བསྒྲགས་བྱེད་ཀྱི་ཡོད། ས་གནས་དེ་རིགས་ནི་སྲོག་ཆགས་ཀྱི‘སྤྱི་ཚོགས་འབྲེལ་བའི་གར་སྟེགས’དང་འདྲ་པོ་ཡོད་པས་སྲོག་ཆགས་མང་པོ་ཞིག་གིས་ས་ཆ་དེ་རིགས་སུ་འབྲེལ་འདྲིས་ཀྱི་ཆ་འཕྲིན་འཇོག་གི་ཡོད”ཅེས་ཀྲའོ་ཞང་གིས་ངོ་སྤྲོད་བྱས་པ་རེད།




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1