ནོར་གནག་གི་རྫི་བོ།། འབྱོར་ཕྱུག་གི་ལམ་སྟོན།།

མུན་ཁེར་སྐྱེས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 05-08




རྔ་བ་ཁུལ་གྱི་ལས་གཏོད་ན་གཞོན་ཚེ་དབང་རིག་འཛིན་གྱི་གནས་ཚུལ་རགས་བཀོད།

    ཁྱུང་མཆུ་རྩྭ་ཐང་ཆེན་མོར་ནོར་གནག་གི་འཕེལ་ཁ་དར་བས། ཡུལ་དེ་རུ་འཚོ་ཞིང་གནས་པའི་མི་རྣམས་ལ་ནོར་གནག་གིས་རེ་བ་དང་བདེ་སྐྱིད་བསྩལ་དང་སྩོལ་བཞིན་མཆིས། མི་སུ་ཞིག་ཡིན་ཡང་ནོར་གནག་ནི་རྒྱབ་དྲོ་བའི་གོས་དང་ལྟོ་འགྲངས་བའི་ཟས་སུ་སྒོམ་པར་མ་ཟད། འབྱོར་ཕྱུག་གི་འཚོ་བར་སྙེག་པའི་ལམ་དང་རྟེན་ཞིག་ཏུ་བཟུང་ཡོད།
    1993ལོར། ཁྱུང་མཆུ་རྩྭ་ཐང་ཆེན་མོ་ནས་ལྟེ་ཕྲག་འཕོས་ཤིང་དར་སོན་པའི་ཚེ་དབང་རིག་འཛིན་ནི། སྔོན་ཆད་ཡིན་ན་གང་ས་གང་དུ་ལས་ཀྱི་ཚེགས་ལ་མི་འཛེམས་པའི་གླ་བ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཁོའི་ཡིད་ལ་འདོར་མི་ཐུབ་པའི་ཕུགས་བསམ་ཞིག་ཡོད་པ་ནི། ནོར་གནག་གི་ཕ་ས་འདི་ནས་རྩྭ་ཐང་གི་ཕྱུགས་ར་ཆེན་པོ་ཞིག་སྐྱོང་བར་འདོད་པ་དེ་ཡིན།
    ཚེ་དབང་རིག་འཛིན་གྱིས་རྩྭ་ཐང་དུ་ཆེས་མང་བ་ནི་ནོར་གནག་ཡིན་མོད། སྔོན་ཆད་ནོར་གནག་འཚོ་སྐྱོང་གི་མ་རྩ་མཐོ་ལ། འོ་མ་ཐོན་ཚད་དམའ་བ། མིས་འོ་མ་བཞོས་ནས་ཚོང་ལས་གཉེར་ན་ཚད་བཀག་ཅིག་ཀྱང་འདུག རྩྭ་ཐང་གི་ཐོན་ཁུངས་འདི་འདྲ་ཕུན་སུམ་ཚོགས་པ་ཞིག་དང་། འབྱོར་ཕྱུག་གི་ཆ་རྐྱེན་འདི་འདྲ་བཟང་བོ་ཞིག་ལ། གལ་ཏེ་མ་ལག་ཚང་བའི་རྣམ་གྲངས་ཤིག་མེད་ན། དངོས་གནས་ཆུད་ཟོས་སུ་བཏང་བ་ཞིག་རེད། དེར་བརྟེན། 2017ལོར་རང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ནས། ད་ལྟའི་ཧུང་ཡོན་རྫོང་གཡང་ནོར་ཕྱུགས་ར་ཐོན་རྫས་ཉོ་འཚོང་ཚད་ཡོད་ཀུང་སི་བཙུགས་པ་ཡིན་ཞེས་བཤད།


    རྒྱུས་ལོན་པ་ལྟར་ན། གཡང་ནོར་ཕྱུགས་ར་ནི་ཧུང་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་4དང་། ཟླ་ཚེས་སྐ་ཁུག་མཛེས་ལྗོངས་དང་བར་ཐག་སྤྱི་ལེ་5ལས་མེད་ལ། ཧུང་ཡོན་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ་50ཙམ་ཡོད། ཚེ་དབང་རིག་འཛིན་གྱིས་ཧུང་ཡོན་རྫོང་གི་ཁྱུང་མཆུ་གྲོང་རྡལ་དང་ལུང་ཟི་གྲོང་རྡལ། ཨ་མཆོག་གྲོང་རྡལ་བཅས་ཀྱི་འབྲོག་ཁྱིམ་30ཡི་སྣེ་ཁྲིད་ནས། གཡང་ནོར་ཕྱུགས་ར་གསར་དུ་བཙུགས་ཏེ། ཁྱུང་མཆུ་གྲོང་རྡལ་སྟག་ལུང་སྡེ་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་གྱི་རྩྭ་ས་མུའུ་2000ལྷག་གླས་ཡོད་ལ། ནོར་གནག་ཚད་ལྡན་འཚོ་སྐྱོང་རྟེན་གཞི་དང་བོད་གཞིས་སྦྲ་ཁྱིམ། ཁྱད་ལྡན་རིག་གནས་ཐོན་རྫས་སོགས་ཕྱུགས་ལས་དང་རིག་གནས་ལྗོངས་སྐོར་མཉམ་དུ་འདྲེས་པའི་རྣམ་པ་བཏོད་དེ། ཕྱུགས་ལས་དང་རིག་གནས། ལྗོངས་སྐོར་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བཞིན་འདུག
    ཕྱུགས་ར་དེར་ཆུ་དང་གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཅུང་ཆ་ཚང་ལ། ས་བབ་ལེགས་ཤིང་རྩྭ་ཆུ་འཛོམས་པ། ཁོར་ཡུག་མཛེས་ཤིང་སྡུག་པས། ནོར་གནག་འཚོ་སྐྱོང་གི་ཞོར་དུ་རིག་གནས་དང་ལྗོངས་སྐོར་དར་རྒྱས་སུ་གཏོང་བའི་གནས་མཆོག་ཅིག་སུ་ཞིག་གིས་མིན་ཟེར་རམ། ད་ལྟ། གཡང་ནོར་ཕྱུགས་རས་འོ་བཞོ་འཕྲུལ་ཆས་20དང་འཁྱག་ཟོམ་1000Lཅན1། འོ་མ་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་བཅས་ཉོས་པར་མ་ཟད། སྤུས་བཟང་འོ་མང་གི་མཛོ་མོ་9སོགས་ཉོས་ཏེ། རྣམ་གྲངས་འདི་ཇེ་རྒྱས་ཇེ་ལེགས་སུ་སོང་ཞིང་། ཁོའི་ཕུགས་བསམ་ཡང་མངོན་དུ་འགྱུར་བཞིན་འདུག
    ཚེ་དབང་རིག་འཛིན་གྱིས་བཤད་པ་ལྟར་ན། གཡང་ནོར་ཕྱུགས་རས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་4ཡི་ལས་ཞུགས་གནད་དོན་ཐག་བཅད་ཡོད་ལ། འབྲོག་ཁྱིམ་30ཡི་འོ་མ་ཚོང་ལས་ཀྱི་བགྲོད་ལམ་ཡངས་བོར་བཏོད་ཡོད། 2019ལོའི་ཟླ་3པར། འབར་ཁམས་གྲོང་ཁྱེར་དུ་གཡང་ནོར་ཕྱུགས་རའི་ཐོན་རྫས་ཆེད་འཚོང་ཁང་གི་སྒོ་ཕྱེས་རྗེས། ཏུའུ་ཅང་ཡན་དང་ཝུན་ཁྲོན་རྫོང་། ལིས་རྫོང་། ཧུང་ཡོན་རྫོང་སོགས་སུ་འོ་མ་བཙོང་ས་ཕྱེས་ཡོད། 2020ལོའི་ཟླ་5བར་ཧུང་ཡོན་རྫོང་རིག་བཟང་རང་འདེམས་ཚོང་ཁང་ནས་ནོར་གཡག་ཕྱུགས་རའི་ཐོན་རྫས་ཆེད་འཚོང་ཁང་ཕྱེས་པར་མ་ཟད། རྫོང་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞོགས་ཟས་སུ་འོ་མ་འདོན་སྤྲོད་བྱེད་པའི་གྲོས་མཐུན་ཡི་གེ་བཀོད་ཡོད། 
    2020ལོར། མཐུན་ཚོགས་ཀྱི་ཁོངས་གཏོགས་འབྲོག་ཁྱིམ་ནས་འོ་མ་ཏུན་90བཙོང་ནས། འབྲོག་ཁྱིམ་གྱི་ཡོང་འབབ་ལ་སྒོར་ཁྲི་60.5ཡོད་ཅིང་། ཁྱིམ་ཚང་རེར་ཕལ་ཆེར་སྒོར་ཁྲི་2ཙམ་ཡོད། ནོར་གཡག་ཕྱུགས་རའི་ལོ་རེའི་ཡོང་འབབ་རྐྱང་བ་ལ་སྒོར་ཁྲི་60ཡོད།
    ཚེ་དབང་རིག་འཛིན་གྱིས་མིག་སྔར་ཕྱུགས་ར་འདིའི་གཞི་རྒྱ་ཅུང་ཆུང་ཡང་། ངེད་ཀུང་སི་དང་འབྲོག་པ་མང་ཚོགས་མཉམ་འབྲེལ་གྱིས་གཞི་རྒྱ་ཆེ་རུ་གཏོང་བ་དང་། ནོར་གནག་གི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མིང་དོན་མཚུངས་བའི་དེང་རབས་ཕྱུགས་ལས་སུ་བསྒྱུར་བར་འབད་རྒྱུ་ཡིན་ལ། ལྗོངས་སྐོར་བ་རྣམས་ཀྱིས་འབྲོག་པའི་འཚོ་བ་ཉམས་སུ་རོལ་བའི་རྟེན་གཞི་ཞིག་ཏུ་འགྱུར་བ་ལའང་བརྩོན་རྒྱུ་ཡིན་ཞེས་ཡིད་ཆེས་ཀྱི་འཛུམ་ཆུང་གྲོལ་བཞིན་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1