གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

གངས་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༠༨ཉིན།

༄༅།། ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)


གངས་དབང་།        

   

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

  སྔར་ནས་སྤྱང་མིའམ་ཆའང་རིགས་ཡོད་སར་སོང་སྟེ་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ཆེ་ཡང་། དམིགས་བསལ་གྱི་དུས་དང་མ་ཁེལ་ན་ཕྱོགས་སོ་སོ་ནས་རྒྱུས་ལོན་མི་ཐུབ་པས། སྤྱང་མི་ཚོའི་ལོ་སར་གྱི་དུས་ཆེན་དང་བསྟུན་ནས་དར་མདོ་ནས་རིམ་བཞིན་རོང་བྲག་དང་ཆུ་ཆེན། འབར་ཁམས། སྤོ་དཀར་ལ། ཉག་ལོ་བཅས་བརྒྱུད་དེ་ལིས་རྫོང་གི་རྒྱལ་ཁ་བཀྲ་ཤིས་གླིང་དུ་སླེབས།

    རྒྱལ་ཁ་བཀྲ་ཤིས་གླིང་ལ་སླེབས་པའི་ཉིན་མོ་ནི་ཏག་ཏག་སྤྱང་མི་ཚོའི་ལོ་སར་ཚེས་གཅིག་ཡིན་པས། ཕོ་མོ་རྒན་གཞོན་ཚང་མ་ཡུལ་དེ་གར་འཛོམས་ཏེ་ལོ་སར་ལ་རྟེན་འབྲེལ་སྒྲིག་བཞིན་པའི་སྒང་རེད། དེ་འདྲའི་སྐལ་བ་བཟང་པོར་ངས་ཡུལ་མི་ཚོའི་ཆོས་ལུགས་དང་རྒྱན་གོས། གླུ་བྲོ། སྐད་ཆ་སོགས་ཀྱི་ཐད་ལ་བཅར་འདྲི་བྱས་པས་མ་ཚད། ཡུལ་དངོས་སུ་སོང་སྟེ་ཞིབ་དཔྱོད་བྱས་པའི་འབྲས་བུ་རྣམས་མུ་ཏིག་གི་ཕྲེང་བ་ལྟར་གཅིག་ལ་གཅིག་བརྒྱུད་དེ་ཁྱེད་རྣམ་པར་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

    དེང་སང་ཡོངས་གྲགས་སུ་ཆའང་རིགས་ཞེས་པ་ལ་གནའ་བོའི་རྒྱ་ཡི་རུས་ཡིག་ནང(羌)ཞེས་བྲིས་ཤིང་། ཡིག་འབྲུ་དེ་ནི་རའམ་ལུག་དང་མི་ཞེས་པའི་ཡི་གེ་གཉིས་ལས་གྲུབ་པ་སྟེ་ར་ལུག་འཚོ་བའི་རྫི་བོའི་དོན་ཡིན་ཞེས་པ་ལྟར་ན། ཡིག་འབྲུ་དེ་ནི་མི་རིགས་དེའི་བྱེད་ལས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་མོད། སྒྲ་གདངས་ནི་མི་རིགས་དེ་ལ་གནའ་ནས་ཆགས་པའི་འབོད་མིང་ལྟར་དུ་འབོད་པ་ཞིག་ཡིན་དགོས་པ་ལས་གསར་དུ་བཏགས་པ་ཞིག་ཡིན་མི་སྲིད་པས། (羌)ཞེས་པ་ནི་མི་རིགས་དེ་ལ་གནའ་ནས་ཡོད་པའི་འབོད་མིང་ལྟར་བཟོས་པའི་མིང་ཞིག་རེད། དེང་སང་ཚང་མས་ཆའང་རིགས་ཞེས་པ་ནི(羌)ཞེས་པ་ཐད་བསྒྱུར་བྱས་པ་ཙམ་རེད། འོ་ན། མི་རིགས་དེ་ལ་གནའ་ནས་འབོད་པའི་མིང་ཇི་ལྟར་རེད་ཅེས་ན། རྗེ་དམུ་དགེ་བསམ་གཏན་གྱིས་ཐོག་མར་རུས་ཆེན་བཞིར་ཕྱེས་པའི་རུས་མིང་ལ་བརྟེན་ནས། མི་རིགས་གཞན་འགའ་ཞིག་གིས་བོད་ཀྱི་མིང་བཏགས་ཚུལ་བརྗོད་པར་བྱ་སྟེ། རུས་ཆེན་བཞི་ནི། ཡེ་སང་། ཡེ་སྨོན། སྤྱང་། མོན་བཞི་ཡིན་ལ། མོན་དེང་དུས་ཀྱང་ཡོད་པའི་མོན་པ་ཟེར་བ་དེ་རེད། དེའི་ནང་གི་སྤྱང་གི་རུས་ཀྱི་སྒྲ་ལ་བརྟེན་ནས། བོད་མི་ཐམས་ཅད་ལ་སྤྱང་ཟེར་བ་ནི། དཔེར་ན། དེང་སང་བོད་མདོ་དབུས་གཙང་གསུམ་ནང་གི་གཙང་སྒྲ་ཁོ་ན་ལ་བརྟེན་ནས་བོད་མི་ཐམས་ཆད་ལ་གཙང་གི་རིགས་ཟེར་བ་བཞིན་ནོ། ། དེང་སང(羌)ཟེར་བའི་རྒྱ་ཡིག་འདིའི་འབྱུང་ཁུངས་མ་ཤེས་པར་བོད་ཡིག་ཏུ་སྒྱུར་སྐབས་ཆང་དང་ཆའང་དང་འཇང་སོགས་ཡི་གེ་སྣ་ཚོགས་ཤིག་བྲིས་མོད། དེའི་འབྱུང་ཁུངས་ནི་སྤྱང་ཞེས་པ་འདི་ཡིན་ཞེས་ཚིག་མཐའ་བཅད་ཡོད་དོ།།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     ངས་མི་རྒན་མང་པོ་ལ་བཅར་འདྲི་བྱས་པ་ལས་གོ་བ་ལྟར་ན། ཁོ་རང་ཚོས་སྤྱང་དང་ཆའང་གང་ཡང་མི་ཟེར་བར་མའེ་ཞེས་འབོད་ཀྱིན་འདུག ལ་ལས་ཁོང་ཚོ་ནི་ར་ལུག་གི་རྫི་བོ་ཡིན་པས་ར་ཡི་འཚེར་སྐད་དང་ལུག་གི་འབའ་སྒྲ་ཡི་དོན་རེད་ཟེར། འགའ་ཞིག་གིས་ཁོང་ཚོས་རྡོ་དཀར་པོ་ལ་དད་པ་བྱས་པས་མའེ་ཞེས་པ་ནི་རྡོ་ལ་འཇུག་པ་རེད་ཟེར། ངག་རྒྱུན་ཞིག་གི་ནང་དུ་སྤྱང་མི་ཚོ་ལ་གནའ་སྔོན་མར་ཀྲི་ཀ་བུ་ཞེས་ཟེར་ཡང་། ཁོང་ཚོ་ནུབ་བྱང་ནས་ལྷོ་ནུབ་ལ་གནས་སྤོ་དུས་ལྷ་ཡི་ལུང་བསྟན་ལྟར། ཚོ་པའི་རྟགས་མཚན་དུ་སྐེ་ལ་ར་སྤུའམ་ལུག་བལ་བཏགས་ཏེ་ས་དེ་གའི་ཀོར་ཅི་མི(戈基人)དང་འཐབ་འཛིང་བྱས་ཏེ་རྒྱལ་ཁ་བླངས་པས། རྗེས་དྲན་གྱི་ཆེད་དུ་ར་ཡི་འཚེར་སྐད་དང་ལུག་གི་འབའ་སྒྲ་ལྟར་མའེ་ཞེས་པའི་མིང་ཐོགས་པ་རེད་ཟེར། ཡང་སྙིང་ཅི་ལྟར་ཡིན་མིན་ཁ་ཚོན་གཅོད་མི་ཐུབ་མོད། མི་རིགས་ཤིག་ལ་ཕྱི་ནང་གཉིས་ཀྱིས་བཏགས་པའི་མིང་རེ་དང་སྤྱི་དང་བྱེ་བྲག་གི་འབོད་མིང་རེ་ཡོད་པ་ནི་ཚང་མའི་མཐོང་ཆོས་སུ་གྱུར་པས། ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་དོན་མི་འདུག་བསམས། དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ལོ་རྒྱུས་འཆད་པའི་ཡན་ལག་ཏུ་སྐབས་ཐོག་སོ་སོའི་མིང་ཤེས་དགོས་ཞེས་བཀའ་སློབ་གནང་བ་ལྟར། ཐོག་མར་རིགས་རྒྱུད་དེའི་འབོད་མིང་གི་སྐོར་ལ་དཔྱད་པ་ཅུང་ཟད་བྱས་པ་ནི་ཀློག་པ་པོ་རྣམས་ཀྱི་མོས་པ་སློང་བའི་ཆེད་དུའོ།།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

   ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ལ་དམིགས་བསལ་གྱི་དུས་ཆེན་ཡོད་ལ། མི་རིགས་གཅིག་གི་ནང་ཁུལ་དུའང་ལོ་སར་གྱི་དུས་ཚོད་མི་འདྲ་བ་ཡོད་པ་དཔེར་ན། རྒྱ་རྩིས་སམ་ཞིང་རྩིས་ཀྱི་ཟླ་བ་བཅུ་པའི་ནང་དབྱིས་རིགས་ཀྱིས་ལོ་སར་བ་དང་། བོད་རྩིས་ཀྱི་ཟླ་བ་བཅུ་པའི་ཚེས་གཅིག་ནི་ཀོང་པོ་བོད་མིའི་ལོ་སར། བོད་རྩིས་ཀྱི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནི་ཁམས་ཉག་རོང་པའི་བཅུ་གསུམ་དུས་ཆེན་ཡིན་པ་དེ་དག་ནི་ལོ་རྒྱུས་ཐོག་གི་རྗེས་སུ་དྲན་འོས་པའི་ཉིན་མོ་ལ་རྟེན་འབྲེལ་ཞུ་བའི་དུས་ཚོད་ཡིན་པ་ལྟར། སྤྱང་མི་ཚོའི་ལོ་སར་ནི་རྒྱ་རྩིས་སམ་ཞིང་རྩིས་ཀྱི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་རེད། བཤད་སྲོལ་དུ་སྤྱང་མི་ཚོའི་རྩིས་ནང་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཡོད། དེ་ཟླ་བ་བཅུ་ལ་བགོས་ན་ཟླ་བ་རེ་ལ་ཉིན་ཞག་སོ་དྲུག་ཡོད། ལྷག་མའི་ཉིན་ལྔ་དེ་དུས་ཆེན་ལ་བརྩིས་ཏེ་ལོ་སར་གཏོང་སྲོལ་ཆགས་པ་རེད་འདུག  དེ་ནི་ཅི་དགའ་གང་འདོད་ཀྱིས་ལོ་སར་གཏོང་བ་མ་ཡིན་པར། གནའ་མི་ཚོས་ཁོ་རང་ཚོ་གཞིས་ཆགས་སའི་ས་བབ་དང་ཁོར་ཡུག་ནང་ཉི་མའི་འཁོར་ཕྱོགས་དང་དུས་བཞིའི་འཕེལ་འགྱུར་ལྟར་གཏན་དུ་ཕབ་པ་ཡིན་པས། ཁྱད་ཆོས་མངོན་གསལ་དུ་དོད་པ་ཞིག་ཡིན་པ་གདོན་མི་ཟ།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     ལོ་སར་སོགས་དུས་ཆེན་གྱི་སྐབས་སུ་མི་རིགས་སོ་སོའི་རྣམ་པར་བཀྲ་བའི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རིག་གནས་གཞན་ལ་ངོམ་སྟོན་བྱེད་པ་ལྟར། ང་ལིས་རྫོང་གི་རྒྱལ་ཁ་བཀྲ་ཤིས་གླིང་དུ་སླེབས་པའི་ཉིན་དེར། སྤྱང་མི་ཚོ་ལྷན་དུ་འཛོམས་ཏེ་ལོ་སར་ལ་རྟེན་འབྲེལ་སྒྲིག་བཞིན་པའི་སྒང་རེད། མི་མང་འདུས་པའི་ནང་ལ་གླུ་པ་དང་བྲོ་པ་འདུག་ལ་མང་ཤོས་ནི་མི་སེར་འཁྲབ་སྟོན་པ་ཚོ་རེད། དེའི་ནང་དུ་དབུ་སྐྲ་རིང་པོ་དང་ཨག་ཚོམ་དཀར་པོ་ཅན་གྱི་མི་རྒན་འགའ་འདུག་པ་ནི་སྤྱང་མི་ཚོའི་སྲིད་པ(释比)ཞེས་པ་དེ་རེད་འདུག  སྲིད་པ་ཞེས་པ་ནི་སྤྱང་མི་ཚོའི་ཆོ་ག་སྒྲུབ་མཁན་དེ་ལ་ཟེར་ཞིང་། དཔྱིད་དུས་སུ་རྨོ་འདེབས་དང་སྟོན་དུས་སུ་རྔ་བསྡུ་བྱེད་སྐབས་ལྷ་ཀླུ་གཉན་གསུམ་མཆོད་པས་མ་ཚད། ཚེ་འདས་ལ་འདས་མཆོད་དང་གསོན་མི་ལ་བགེགས་བར་ཆད་བསལ་བའི་ཆོ་ག་སྒྲུབ་མཁན་ཡིན་ལ། སྲིད་པ་ཞེས་པ་ནི་ནང་ཆོས་ལྟར་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མ་ཡིན་པར་འཁོར་བ་བཟུང་སྟེ་སྲིད་པའི་རིག་གནས་མུ་ནས་མུ་རུ་རྒྱུན་མ་ཆད་པར་འཛིན་མཁན་ཡིན་པས། ཁོང་ནི་སྤྱང་མི་ཚོའི་ལོ་རྒྱུས་རིག་གནས་ཀྱི་བདག་པོ་ལྟ་བུ་ཞིག་རེད། སྲིད་པ་ཞེས་པའི་ཐ་སྙད་ནི་གནའ་དུས་སྲིད་པ་རྒྱུད་ཀྱི་བོན་ཞེས་ལྷ་མཆོད་པ་དང་འདྲེ་བཀར་བའི་ཆོས་ཤིག་ཡོད་པ་དེ་ལས་ཆད་པ་ཞིག་མིན་ནམ་སྙམ། 

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     དབུ་སྐྲ་རིང་ལ་ཨག་ཚོམ་དཀར་བའི་མི་རྒན་དེས་རྒྱབ་ལ་རྔ་ཞིག་ཁུར། ལག་ནང་དུ་འཁར་བ་ཞིག་བཟུང་།  མགོ་ལ་ཞྭ་མོ་ཡ་མཚན་ཅན་ཞིག་གྱོན་ནས་དེ་གར་ལངས་ཤིང་ཡུལ་སྐོར་བ་མང་པོས་ཁོང་ལ་ཅི་ཞིག་འདྲི་བཞིན་འདུག  ངའང་ལམ་སང་དེའི་ཕྱོགས་སུ་སོང་ནས་རང་ཉིད་ཅི་ཡི་དོན་དུ་གང་ནས་ཡོང་བ་ངོ་སྤྲོད་བྱས་རྗེས་བཅར་འདྲི་བྱེད་འགོ་ཚུགས་པ་ཡིན།

     སྲིད་པའི་མགོ་ལ་གྱོན་པའི་ཞྭ་མོ་དེ་ནི་སྤྲེའུ་སྤུ་སེར(金丝猴)གྱི་པགས་པས་ལས་པ་ཞིག་རེད་འདུག  ཐོད་པའི་མཚམས་སུ་འགྲོན་བུ་གསུམ་དང་ལྔ་བར་བརྒྱན་ཞིང་ཞྭ་མོའི་ཐོག་ལ་རྭ་ཅོ་ལྟ་བུ་གསུམ་ཡོད་པ་ནི་ཉི་ཟླ་དང་ས་གཞིའི་མཚོན་བྱེད་རེད་ཟེར། དེ་ནི་སྲིད་པས་ཆོ་ག་སྒྲུབ་དུས་མེད་དུ་མི་རུང་བའི་ཁྱད་དུ་འཕགས་པའི་མཆོད་ཆས་ཤིག་ཡིན་ལ་སྤྱང་མི་ཚོའི་སྐད་དུ་ཝ་སེག་ཅེས་འབོད། ཞྭ་མོ་དེ་ནི་སྤྱང་མི་ཚོས་ཁོང་ཚོའི་མེས་པོ་ནི་སྤྲེའུ་ལས་མཆེད་པར་འདོད་པ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་མིན་ནམ་སྙམ། སྤྱང་མི་ཚོའི་ངག་རྒྱུན་དུ། རའམ་ལུག་ཅིག་གིས་སྲིད་པའི་ཆོས་དཔེ་བཟས་པ་ན། སྤྲེའུ་སྤུ་སེར་གྱིས། རའམ་ལུག་དེ་བསད་ནས་ཤ་བཟས་པས་མ་ཚད་པགས་པས་རྔ་བཟོས་ཏེ་བརྡུངས་ན་ཆོས་དཔེ་འདོན་པ་དང་འདྲ་ཞེས་བཤད་པ་ལྟར། སྲིད་པས་དེ་ལྟར་བཟོས་ཤིང་སྤྲེའུ་སྤུ་སེར་གྱི་ལྤགས་པས་ཞྭ་མོ་དྲུབས་ཏེ་དད་བཀུར་བྱེད་སྲོལ་ཆགས་པ་རེད་ཅེས་ཟེར། སྲིད་པའི་ལག་ནང་གི་ལྷ་འཁར་ལ་སྤྱང་མི་ཚོས་བཙའོ་ཞེས་འབོད་ཅིང་། ལྷ་འཁར་གྱི་མགོ་ལ་འབུར་དུ་ཐོན་པའི་མི་ངོ་ཞིག་བརྐོས་འདུག་པ་དེ་ཡང་སྲིད་པས་ཆོ་ག་སྒྲུབ་དུས་མེད་དུ་མི་རུང་བ་ཞིག་རེད།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     སྲིད་པས་རྒྱབ་ཏུ་ཁུར་བའི་རྔ་དེ་ནི་ར་ལྤགས་ལས་གྲུབ་པ་ཞིག་རེད་ལ། རྔ་ཡི་དཀྱིལ་དུ་བྲིས་པའི་རི་མོ་དེ་ནི་ར་མགོ་ལས་ལུག་མགོ་ལ་འདྲ་ཆེ་བར་སྣང་། སྤྱང་མི་ཚོའི་སྐད་ནང་རྔ་ལ་སྦུག་ཅེས་འབོད་པ་ནི་རྔ་རྡུང་བའི་སྒྲ་ལ་བརྟེན་ནས་མིང་བཏགས་པ་ཞིག་མིན་ནམ་སྙམ། བཤད་སྲོལ་དུ་སྤྱང་མི་ཚོ་ནུབ་བྱང་ནས་མིང་ཅང་ཆུ་བོའི་ཕྱོགས་སུ་ཡོང་དུས། སྲིད་པ་ཐང་ཆད་དེ་གཉིད་ལ་ལོག་པའི་དུས་སུ། ཆོས་དཔེ་ས་ཐོག་ཏུ་ལྷུང་སྟེ་ར་ཡིས་བཟས་པས་མ་ཚད་ར་ཡིས། ང་ཤི་རྗེས་པགས་པ་ཡིས་རྔ་ལས་ཏེ་བརྡུངས་ན་ཆོས་དཔེ་འདོན་པ་དང་མཚུངས་ཞེས་བཤད་པ་རྨིས་པས་རྗེས་སུ་དེ་ལྟར་ལས་པར་གྲགས། དེ་ཡང་ཕྱོགས་གཅིག་ནས་བཤད་ན་རའམ་ལུག་ནི་སྤྱང་མི་ཚོའི་འཚོ་བའི་རྟེན་གཞི་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་བོད་མི་ཚོས་ཀྱང་གཡང་དཀར་ལུག་ཅེས་ལུག་ལ་ཧ་ཅང་བརྩི་མཐོང་བྱས་པས་མ་ཚད་ལུག་བལ་དཀར་པོ་ལྷ་ཤིང་དང་ལ་བཙས་ལ་འབུལ་སྲོལ་དར། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གཡང་དང་ལུག་གཉིས་ནི་འབྲེལ་བ་དམ་པོ་ལྡན་པ་ཞིག་ཡིན་ལ། གཡང་ཞེས་པའི་ཚིག་དེ་རྒྱུན་དུ་གཡང་མོ་ལུག་ཅེས་ལུག་གི་རྒྱན་ཚིག་ལྟ་བུར་བེད་སྤྱོད་བྱེད་པ་ཡིན། འདིར་གཡང་ཞེས་པའི་ཚིག་དེ་རྒྱ་ཡིག་ཡང(羊)ཞེས་པ་ལུག་གི་དོན་སྟོན་པའི་སྒྲ་དང་འདྲ་པོ་ཡོད་ནའང་། བོན་གྱི་གཏམ་རྒྱུད་ལྟར་ན་གཡང་ཞེས་པའི་ཚིག་དེ་ལུག་དང་སྦྱར་བའི་རྒྱུ་མཚན་ནི་ལུག་གིས་འགྲོ་བ་མིའི་འཚོ་བའི་ནང་གལ་ཆེའི་གནས་བབ་བཟུང་བ་དང་། དེ་ཤིན་ཏུ་བེད་སྤྱོད་ཆེ་བས་ཡིན་ཚུལ་བརྗོད་ཡོད། བོན་གྱི་ཤོད་སྲོལ་ལྟར་ན། ལུག་ནི་འགྲོ་བ་མི་ཡི་ཁམས་ལ་ཕན་འདོགས་པར་དགོངས་པའི་ལྷ་ཆེན་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་ཡང་ལུག་ཐོག་མ་དེའི་མིང་ལ་ལུག་ལྷ་བ་བལ་ཆེན་ཞེས་ཟེར་ལ། དེ་ནི་ལུག་ལྷའང་ཡིན་ནོ་ཞེས་གསུངས་ཡོད་དོ།།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

      དེ་ཡང་སྤྱང་མི་ཚོས་ཁང་པའི་རྩིག་པ་སོགས་སུ་རའམ་ལུག་མགོ་རི་མོར་བྲིས་པ་དང་། ཁང་ཐོག་ལ་རའམ་ལུག་མགོ་བཞག་པ་དེ་ནི་ཁོང་ཚོའི་དད་པ་མཚོན་བྱེད་ཡིན་མོད། རྒྱ་ཡིག་ནང་དུ་ར་དང་ལུག་གཉིས་ཀ་ལ(羊)ཞེས་པས་ཚང་མས་སྤྱང་མི་ཚོས་དད་པ་བྱེད་ས་དེ་རའམ་ལུག་གང་ཡིན་པ་གསལ་ཐག་མ་ཆོད། སྤྱང་མི་ཚོ་ཐོག་མར་གཞིས་ཆགས་ས་ནི་ས་མཐོ་ས་ཡིན་པས་དེ་ན་ལུག་མ་གཏོགས་ར་གསོ་དཀའ་བ་དང་། ཁོང་ཚོའི་རྔ་ཡི་ཐོག་གི་རི་མོ་ནི་རྭ་ཅོ་ཐུར་ལ་གོར་གོར་དུ་འཁྱིལ་པའི་ལུག་མགོ་ཡིན་པ་ལས། རྭ་ཅོ་གྱེན་དུ་ཟུག་པའི་ར་མགོ་མིན་པ་གསལ་པོར་ཤེས། རེད་དེ། ཁོང་ཚོ་ས་མཐོ་ས་ནས་དམའ་སར་སྤོས་པ་ནས་བཟུང་། ར་གཙོ་བོར་གསོས་པས་དད་པ་མཚོན་བྱེད་ཀྱི་རི་མོ་ལའང་འགྱུར་ལྡོག་བྱུང་བ་ཆོས་ཉིད་རེད།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     སྲིད་པས་ཁོག་སྟོད་ལ་ཕག་ར་ཞེས་ར་ལྤགས་ལས་དྲུབས་པའི་ཕུ་མེད་ཅིག་གྱོན་པ་དེས་གཅིག་ནི་ཆར་ཆུ་འགོག་ཐུབ་ལ། གཞན་ཞིག་ནི་ཁུར་པོ་ཁུར་དུས་ཀྱི་རྒྱབ་རྟེན་ཡིན་པས་དམིགས་བསལ་གྱི་ཁྱད་ཆོས་ལྡན། དེ་མིན་རྐང་པའི་བྱིན་པ་དང་ངར་གདོང་དཀྲིས་པ་སོགས་ནི་རོང་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ལྟར་དུ་དར་བ་ཞིག་རེད། རྐང་པ་ལ་འཚེམ་དྲུབས་ཀྱི་ལག་རྩལ་འབུར་དུ་ཐོན་པའི་ལྷམ་ཞིག་གྱོན་སྲོལ་འདུག  སྤྱང་མི་ཚོའི་སྐད་དུ་ད་ཀྱ་ཞེས་ཟེར། དེ་ལའང་ངག་རྒྱུན་གཉིས་འདུག་སྟེ། གཅིག་ནི་སྤྱང་མི་དང་ཀོར་ཅི་མི་གཉིས་ཀྱིས་འཐབ་འཛིང་བྱེད་དུས། སྤྱང་མི་ཚོའི་མེས་པོ་ཏཱ་ཡུས(大禹)ཀྱིས་ལྷ་ཡི་ལུང་བསྟན་ལྟར་ལྷམ་ཐོག་ཏུ་སྤྲིན་གྱི་རི་མོ་བྲིས་པས་སྤྲིན་ལྟར་འཕུར་ཏེ་ཀོར་ཅི་མི་ཕམ་པར་བྱས་པ་རེད་ཟེར། གཉིས་ནི་ཏཱ་ཡུས་ཀྱིས་ཆུ་ཡི་འཇིག་པ་འགོག་པའི་དུས་སུ་དཀའ་ངལ་ཆེན་པོ་དང་ཕྲད་པས། ཁོང་གི་བཟའ་ཟླ་ཡིས་ལྷམ་ཞིག་དྲུབས་ཏེ་དེའི་ཐོག་ལ་སྤྲིན་གྱི་རི་མོ་བྲིས། ཏཱ་ཡུས་ཀྱིས་ལྷམ་དེ་གྱོན་པ་ནས་བཟུང་ནམ་མཁར་སྤྲིན་འཕུར་བ་ལྟར་གོམ་སྟབས་མགྱོགས་པོས་ཆུ་འགོག་ཐུབ་པས་ལྷམ་དེ་ལ་སྤྲིན་གྱི་ལྷམ(云云鞋)ཞེས་མིང་ཐོགས་པརབཤད། ངག་རྒྱུན་དེ་གཉིས་ལས་སྤྱང་མི་ཚོས་མེས་པོའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་དེ་ལྟ་བུའི་ལྷམ་ཞིག་གྱོན་སྲོལ་ཆགས་པ་ཤེས་ཐུབ། 

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     ཡུལ་སྐོར་བ་ཚོའི་རེ་བ་ལྟར་དུ་སྲིད་པ་རྒན་པོ་དེས་རྔ་རྡུང་བཞིན་ཕར་འཁོར་ཚུར་འཁོར་གྱིས་གར་འཆམ་པ་ནི་སྤྲེའུ་སྤུ་སེར་ལ་ལད་མོ་བྱས་པ་རེད་ཟེར། གོམ་པའི་འགྱུར་ལྡོག་སྟབས་བདེ་མོ་ཙམ་ལས་མེད་ཀྱང་། རྔ་སྒྲ་དང་བསྟུན་ནས་འཕར་མཆོངས་བྱེད་པ་ནི་དགོན་པའི་ནང་དུ་འཆམ་རྒྱག་པ་དང་འདྲ་མོ་ཞིག་འདུག

     ལོ་སར་ལ་རྟེན་འབྲེལ་སྒྲིག་པའི་འཁྲབ་སྟོན་གྱི་ནང་དུ་རྔ་ཡི་བྲོ་སོགས་ལྟད་མོ་ཁྱད་ཆོས་ལྡན་པ་མང་པོ་འདུག་ལ། ཁྱད་པར་དུ་ཤིང་ལས་བཟོས་པའི་ཉི་ཟླ་སྐར་གསུམ་དང་འདྲ་བའི་འཁྲབ་ཆས་ཤིག་ཡོད་པ་དེ་ནི་མག་པའམ་བག་མ་སྐྱེལ་བའི་དུས་སུ་འཁུར་དགོས་པ་རེད་ཟེར། ཁོང་ཚོའི་སྐད་ནང་ཉི་མ་ལ་དམུ་ཉི་དང་ཟླ་བ་ལ་སྲི་ཞའོ། སྐར་མ་ལ་རི་བབ་ཅེས་འབོད། དེ་ནི་ཉི་ཟླ་སྐར་གསུམ་ལ་མཆོད་པ་འབུལ་བའི་རྟགས་ཡིན་ཞེས་པ་ལྟར་ན། སྤྱང་མི་ཚོས་གདོད་མ་ནས་རང་བྱུང་ཁངས་ལ་དད་བཀུར་བྱེད་པའི་ལུགས་སྲོལ་དེ་མཚོན་པ་ཞིག་ཡིན་ངེས།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     སྲིད་པ་རྒན་པོ་ཁོང་ལ་བཅར་འདྲི་བྱས་ཚར་རྗེས། ཁོང་དང་མཉམ་དུ་རྒྱལ་ཁ་བཀྲ་ཤིས་གླིང་དང་སྤྱི་ལེ་བདུན་ཅུ་ཙམ་རྒྱང་བའི་ཕུའུ་ཤིས་ཡུལ་ཚོའི་ཕུའུ་ཤིས་གྲོང་པར་སོང་། གྲོང་པ་དེ་ནི་སྤྱང་མི་ཚོའི་གནའ་གྲོང་ཞིག་རེད་འདུག  ཁང་རྙིང་ཞིག་གི་སྒོ་ཁར་སྤྱང་མིའི་དམངས་སྲོལ་བཤམས་སྟོན་ཁང་ཞེས་བྲིས་འདུག  ནང་ལ་ཅ་ལག་རྩ་ཆེན་དང་གོང་ཆེན་ཅི་ཡང་མི་འདུག་མོད། སྤྱང་མི་ཚོའི་འཚོ་བའི་སྤྱོད་ཆས་ཧ་ཅང་མང་པོ་ཉར་ཚགས་བྱས་ཡོད་པས་རྗེས་སུ་ཡི་རངས་དགོས་པ་ཞིག་རེད། རྒན་པོ་ཡིས། དུས་རབས་གསར་པའི་ནང་ཞིང་ཆས་དང་རྔོན་ཆས་འདི་དག་གིས་གོ་མི་ཆོད་ཀྱང་། སྤྱང་མིའི་མེས་པོ་ཚོའི་ལོ་རྒྱུས་རིག་གནས་རྣམས་རྗེས་དྲན་བྱེད་པ་དང་། ན་གཞོན་ལོ་ཆུང་ཚོར་དྲན་སྐུལ་བྱེད་པའི་ཆེད་དུ་ངས་བསྡུ་གསོག་བྱས་པ་ཡིན་ཞེས་ཟེར། ངས་ཁོང་ལ་ཁྱེད་རང་སྲིད་པའི་ཆོ་ག་སྒྲུབ་མཁན་ཞིག་ཡིན་ཡང་། དེང་སང་ན་གཞོན་ཚོར་ཆོ་ག་དེ་ལ་མོས་པ་ཡོད་དམ་ཞེས་དྲིས་པར། ཁོང་གིས་སྤྱི་ཚོགས་ཇི་ལྟར་འཕེལ་རྒྱས་སོང་ཡང་མི་རྣམས་ཀྱི་སེམས་པའི་དགོས་མཁོ་དངོས་པོ་ཁོ་ནས་སྐོང་ཐབས་མེད་པས། སྲིད་པའི་ཆོ་ག་ཡང་མེད་དུ་མི་རུང་བ་ཞིག་རེད་ཅེས་ཟེར། མཐར་ངའི་རེ་བ་ལྟར་དུ་ཁོང་གིས་ཆོ་གའི་སྤྱོད་ཆས་རྣམས་བླངས་ཏེ་ཁང་ཐོག་ཏུ་ཆོ་ག་སྒྲུབ་འགོ་ཚུགས། ཁོང་གིས་ཧ་ཅང་གཟབ་ནན་ངང་མཛུ་གུས་གནམ་ལ་མཆོད་ཆང་ལན་གསུམ་མཆོད་རྗེས། རྔ་རྡུང་བཞིན་མཆོད་མཆོད་མཆོད་ཅེས་གསོལ་བ་འདེབས་འགོ་ཚུགས། མཆོད་མཆོད་མཆོད་ཅེས་པ་ནི་བོད་མི་ཚོས་མཆོད་པ་ཕུལ་བ་དང་འདྲ་བ་ལས་དེ་མིན་གསོལ་འདེབས་ཀྱི་ནང་དོན་མི་གོ། ཁོང་གིས་ཟེར་བ་ལྟར་ན། ལྷ་ལ་མཆོད་པ་ཕུལ་ཏེ་མི་ལ་བར་ཆད་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པ། ལོ་ཡག་འབྲས་བུ་སྨིན་པར་གསོལ་བ་བཏབ་པ་རེད་ཟེར། སྐབས་དེར་ངས་སྤྱང་མི་ཚོ་ལ་སྐད་ལས་ཡི་གེ་མེད་ཀྱང་། གསོལ་འདེབས་ཀྱི་ནང་དོན་དེ་དག་བོད་ཡིག་ཐོག་ཏུ་ཕབ་ན་ཅི་འདྲའི་མཚར་ཆེ་ཨང་བསམས་བྱུང་།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

    གང་ལྟར། སྤྱང་མི་ཚོས་ཆོ་ག་སྒྲུབ་མཁན་སྲིད་པ་རྒན་པོ་ལ་ཤུས་དང་གཞོན་པ་ལ་པིས་ཞེས་འབོད་ཀྱིན་འདུག  ཁོང་ཚོ་ནི་སྤྱང་མི་ཚོའི་ལོ་རྒྱུས་རིག་གནས་ཀྱི་ལྡེ་མིག་ལྟ་བུ་ཡིན་ལ། ཆོ་གའི་སྐོར་ལ་ཆར་པ་ཕབ་པ་དང་ལྷ་ཤིང་གསོལ་བ། མེ་བླུགས་པ།(མར་ནག་བསྐོལ་ནས་འཁོལ་རྗེས་དེའི་ནང་ཆུའང་ཆང་ཅུང་ཟད་བླུགས་ན་མེ་ཆེན་པོར་འཕྱུར་བ་དང་། ཡང་ན་མེ་ཞིག་བསྒྲོན་རྗེས་དེའི་ཐོག་ལ་མར་ནག་འཁོལ་མ་ཅུང་ཙམ་བླུགས་ཏེ་ཁྱིམ་ཚང་ནང་དུ་སྐོར་བ་བརྒྱབ་སྟེ་གདོན་འདྲེ་སྐྱེལ་བའི་ཆོ་ག་ཞིག ང་ཆུང་དུས་ཕ་ཡུལ་ན་བླ་སྤྲུལ་ཚོས་དེ་ལྟར་མེ་བླུགས་ཚུལ་མང་པོ་རིག་མྱོང་།)  ཐོང་གཤོལ་བསྲེག་པ། (སྲིད་པས་ཐོང་གཤོལ་མེ་ནང་བསྲེགས་རྗེས་དེའི་ཐོག་ཆུ་བླུགས། དེ་ནས་ཆུ་དེ་ཕོ་བ་ན་མཁན་རྣམས་ལ་འཐུང་དུ་བཅུག་པའམ་ཡང་ན་ཐོང་གཤོལ་དམར་པོ་རྐང་པས་བརྫིས་རྗེས་རྐང་པས་ནད་པའི་ཕོ་བོ་ཐོག་བརྗི་བ།)

     མི་རིགས་སོ་སོའི་བར་གྱི་ཡུལ་སྲོལ་གོམས་གཤིས་ཐད་མི་འདྲ་ས་མང་ལ་འདྲ་སའང་མི་ཉུང་བ་ཞིག་ཡོད་པས། ཕན་ཚུན་དཔྱད་བསྡུར་བྱས་ན་ལོ་རྒྱུས་ཀྱི་གསང་བ་ཕྱིར་བཏོན་ཏེ་ཕན་ཚུན་རྒྱུས་ལོན་ཡག་པོ་བྱེད་ཐུབ་པ་ཞིག་རེད། སྲིད་པ་སྒྲུབ་མཁན་གྱི་རྒན་པོ་འགའ་ལ་བཅར་འདྲི་བྱས་པ་ལས་གོ་བ་ལྟར་ན། སྤྱང་མི་དང་བོད་མི་ཚོས་རི་དང་ཆུ། ཤིང་། རྡོ་དཀར་པོ། ལུག་སོགས་ལ་དད་བཀུར་བྱེད་པ་འདྲ་མོ་འདུག་སྟེ། རི་མགོར་གསོལ་བའི་བོན་ཤིས་ཤིས་དང་བོན་ཧ་ཧ། བོན་ནག་ནག་ཅེས་ལྷ་གསུམ་ཡོད་པ་དེ་ནི་ལྷ་ས་ནས་ཕེབས་པ་རེད་ཅེས་ངག་རྒྱུན་འདུག  སྒོས་སུ་སྐད་ཆའི་ནང་ལ་ཐ་སྙད་ཡོངས་སུ་མཚུངས་པ་དང་ཆ་འདྲ་བའང་མང་པོ་འདུག  དཔེར་ན། སྤྱང་མི་ཚོས་བོད་པ་ལ་ལ་བོའུ་དང་། རྒྱ་མི་ལ་རྫ(རྒྱ་ཞེས་པའི་ཀློག་སྟངས་ཏེ་དེང་སང་ཁམས་ཕྱག་ཕྲེང་གི་ཡུལ་མི་ཚོས་རྒྱ་ལ་རྫ་དང་འགྱུར་ལ་འཛུ་ཞེས་ཀློག)སྟོད་ཐུང་ལ་ཕུ། ཚ་ལ་ཚེ། ཇ་ལ་ཁྲ། ཆང་ལ་ཆ། གླིང་བུ་ལ་གླིས། ལུག་ལ་ཡུས། སྣ་ལ་ནེ་ག་པུ། ཆུ་ལ་ཙུས། ལག་པ་ལ་ཡིས། མགོ་ལ་ག་པ་གྱེ། མིག་ལ་མིག  ཁ་ལ་ག་པ་སོགས་ལ་ལ་ནི་ཆ་འདྲ་ལ་འགའ་ཤས་ནི་བརྡ་རྙིང་པའི་ཀློག་སྟངས་ལྟར་རོ།།  

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     མི་རིགས་ཤིག་ལ་ཆ་བཞག་ན་རིག་གནས་ནི་མི་རིགས་དེའི་བླ་སྲོག་ཡིན་པས། ཇི་ལྟ་བུའི་རིག་གནས་ཡོད་ན་དེ་ལྟ་བུའི་བླ་སྲོག་ཡོད་པ་རེད། སྤྱང་མི་ཚོའི་ཁང་པའི་འཛུགས་སྐྲུན་ལས་མེས་པོ་ཚོའི་ས་དཔྱད་ཀྱི་རིག་པ་དང་རྡོ་བཟོའི་ལག་རྩལ། དམག་དོན་གྱི་ཇུས་གཞི་སོགས་གསལ་པོར་མཐོང་ཐུབ། སྡོད་ཁང་དང་མཁར་རྫོང་རྣམས་རི་ཆུའི་ས་དཔྱད་ལ་བརྟེན་ནས་རྡོ་དང་འདམ་བག་ལས་བརྩིགས་པ་ཡིན་པས། སྲ་ཞིང་བརྟན་ལ་སྤྱོད་སྒོ་ཆེ་བ་སོགས་ཁྱད་ཆོས་མང་པོ་འཛོམས། གཤམ་ལ་རྒྱལ་ཁ་བཀྲ་ཤིས་གླིང་གི་མཁར་རྫོང་ངོ་སྤྲོད་མདོར་བསྡུས་ཙམ་བྱ།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     རྒྱལ་ཁ་བཀྲ་ཤིས་གླིང་ཞེས་པ་ནི་བོད་བཙན་པོའི་དུས་སུ་རྒྱལ་ཁ་བླངས་ཏེ་མངའ་འོག་ཏུ་བསྡུས་པས་རྟེན་འབྲེལ་གྱི་མིང་དུ་བཏགས་པ་རེད་ཟེར་སྲོལ་སྣང་། འདི་ལ་བྲག་སྒམ་ནང་དང་ཁོག་སྲུང་སྟག་མོ་རྫོང་ཞེས་ཀྱང་འབོད་ལ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་ཤིག་རེད། ཕྱོགས་བཞིར་བྲག་མཐོན་པོས་བསྐོར་ཏེ་སྒམ་ལྟ་བུ་ཡིན་པས་བྲག་སྒམ་ནང་ཞེས་ཟེར། ལུང་པ་དེ་ལ་ཁོག་སྲུང་ལུང་ཡང་ཟེར་བས་ཁོག་སྲུང་སྟག་རྫོང་ཞེས་ཀྱང་འབོད། རྒྱལ་ཁ་བཀྲ་ཤིས་གླིང་གི་གནའ་གྲོང་ནི་སྤྱི་ལོའི་སྔོན༡༡༡ལོར་ཆགས་འགོ་ཚུགས་པར་གྲགས། དེང་སང་མཐོང་བ་ལྟར་ན་ཁང་པ་ཚང་མ་འདམ་བག་དང་རྡོ་ལས་བརྩིགས་ཤིང་གཅིག་ལ་གཅིག་མཐུད་ནས་ཡོད་པས་མ་ཚད། ཕན་ཚུན་བར་གསང་ལམ་གྱིས་སྦྲེལ་ཡོད་པ་དང་། རི་མགོ་ནས་དྲངས་པའི་གངས་ཆུ་ཁང་པ་སོ་སོའི་འོག་ལ་དྲ་བ་ལྟར་འབྲེལ་ནས་ཡོད་པས། གནའ་དུས་སུ་ཕྱི་ཡི་དགྲ་བོ་འགོག་ལ་ནང་གི་མི་རྣམས་བདེ་བར་གནས་ཐུབ་པ་བཅས་ནུས་པ་ཀུན་འཛོམས་ཤིག་རེད། གྲོང་པའི་དཀྱིལ་དུ་མཁར་རྫོང་མཐོན་པོ་གསུམ་ཡོད་པ་ལས་འོག་ལ་ཡོད་པ་དེ་ནི་སྔོན་མའི་ཞིག་རོ་ཐོག་ལ་གསར་དུ་ལས་པ་རེད་ཟེར། དེ་མིན་གཉིས་ནི་ལོ་ངོ་སྟོང་ཕྲག་ལོན་པའི་མཁར་རྫོང་སྟེ། སྤྱིའི་རྣམ་པ་ནི་ཟུར་བཞི་ཅན་ཡིན་ཡང་བོད་ཀྱི་ས་ཆ་ན་ཡོད་པའི་མཁར་རྫོང་དང་མི་འདྲ་བ་ནི་དེ་དག་གི་རྒྱབ་ངོས་ལ་སྒལ་ཚིགས་ཡོད་པས་ལ་ལས་ཟུར་ལྔ་ཞེས་ཟེར་མོད། དོན་ངོ་མར་ཟུར་བཞི་ཅན་གྱི་མཁར་རྫོང་རེད། སྒལ་ཚིགས་ཡོད་པ་དེས་མཁར་རྫོང་བརྟན་ཞིང་བརླིང་བར་ཕན་པས་ད་བར་དུ་མ་ཞིག་པར་ལྷང་ངེར་འགྱིང་འདུག  ཁང་པ་རྣམས་ཀྱི་རྩིག་ངོས་སུ་ཡོད་པའི་གཡོན་ཕྱོགས་སུ་འཁོར་བའི་གཡུང་དྲུང་ནི་གདོད་མའི་བོན་ཆོས་ཀྱི་རྟགས་ཡིན་ངེས། དེ་མིན་རྒྱ་གྲམ་དང་ཉི་མ་ལས་འོད་འཕྲོས་པ་ལྟ་བུའི་རི་མོ་དེ་དག་གི་མཚོན་དོན་གསལ་པོར་བཤད་རྒྱུ་མི་འདུག་མོད། ཕལ་ཆེར་གདོན་བགེགས་ཀྱི་གནོད་པ་འགོག་པ་དང་ཉི་མ་ལ་དད་བཀུར་བྱེད་ཚུལ་མཚོན་པ་ཞིག་ཡིན་པ་འདྲ། 

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

    མཁར་རྫོང་གི་རྩིས་ངོས་སུ་བོའུ་ཁུང་ཡོད་ལ་མཁར་ཐོག་ཏུ་རྡོ་དཀར་པོ་མཆོད་འདུག  སྤྱང་མི་ཚོས་རྡོ་དཀར་པོ་མཆོད་པ་ལ་ངག་རྒྱུན་འདི་འདྲ་ཞིག་འདུག་སྟེ། གནའ་དུས་སུ་སྤྱང་མི་ཚོ་ནུབ་བྱང་ནས་ལྷོ་ནུབ་ཕྱོགས་སུ་གནས་སྤོ་བྱེད་དུས་ཀོར་ཅི་མི་ཞེས་པའི་ཚོ་པ་དང་ཐུག་སྟེ་འཐབ་འཛིང་བྱེད་སྐབས། ལྷ་ཡི་ལུང་བསྟན་ལྟར་སྐེ་ལ་ལུག་བལ་བཏགས། རྡོ་དཀར་པོས་མཚོན་ཆ་བྱས་ཏེ་ཀོར་ཅི་ཚོ་པ་ཆམ་ལ་ཕབ་པས། དེའི་རྗེས་ནས་ཁང་ཐོག་དང་རི་མགོར་རྡོ་དཀར་པོ་མཆོད་སྲོལ་དར་བ་རེད་ཟེར། དམངས་ཁྲོད་དུ་ངག་རྒྱུན་གཞན་ཞིག་ནི་སྤྱང་མི་ཚོས་ལྷ་ཡི་ལུང་བསྟན་ལྟར་ཀོར་ཅི་མི་ལ་ང་ཚོས་ཁ་བ་འབབ་དུས་འཐབ་འཛིང་བྱེད་དགོས། ཁྱེད་ཚོས་མ་རྨོས་ལོ་ཏོག་གི་སོག་མ་ཡིས་མཚོན་ཆ་གྱིས། ང་ཚོས་ཁ་བས་མཚོན་ཆ་བྱེད་ཡིན་ཞེས་གྲོས་ཀ་བྱས། དངོས་སུ་འཐབ་འཛིང་བྱེད་དུས་སྤྱང་མི་ཚོས་ཁ་བའི་ནང་རྡོ་དྲིལ་ཏེ་ཀོར་ཅི་མི་རྣམས་ཕམ་པར་བྱས་པ་རེད་ཟེར། གང་ལྟར། བོད་མི་ཚོས་ཀྱང་རྡོ་དཀར་པོ་ལ་དད་བཀུར་བྱས་ཏེ་རི་མགོའི་ལ་བཙས་ལ་ཕུལ་བས་མ་ཚད། ངའི་ཕ་ཡུལ་དུ་ཨ་མཆོད་རྣམས་ཀྱིས་གྲི་སྐྱེལ(གྲི་ཤིར་སོང་བའི་ཚེ་འདས་ཀྱི་གནོད་པ་འགོག་པའི་ཆོ་ག་ཞིག)ཞེས་པའི་ཆོ་ག་སྒྲུབ་དུས། རྡོ་དཀར་པོ་བཅག་ནས་གང་སར་གཏོར་དགོས་སྲོལ་ཡོད་པས། སྤྱང་མི་དང་བོད་མི་རྣམས་ཀྱི་ཡུལ་སྲོལ་ཐོག་ནས་འདྲ་ས་མང་པོ་ཡོད་པ་ལ་མི་མང་པོ་ཧ་ལས་སྲིད་མོད། ལོ་རྒྱུས་རིག་གནས་ལ་ཕྱིར་འདང་ཞིག་བརྒྱབ་ན་དེ་ཙམ་ཡ་མཚན་རྒྱུ་ཅི་ཡང་མེད་དོ།། 

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     བོད་ཀྱི་ས་ཆར་ཡོད་པའི་མཁར་རྫོང་དང་མི་འདྲ་བ་ནི་སྤྱང་མི་ཚོའི་མཁར་རྫོང་གི་ཐོག་སར་བར་ཁྱམས་འདུག་པས་དེ་ནས་བལྟས་ན་ཕྱོགས་བཞི་གསལ་པོར་མཐོང་ཐུབ། ཁྱད་པར་དུ་མཁར་རྫོང་གི་ཤར་ཕྱོགས་ཀྱི་རྩིག་ངོས་སུ་སྤྱང་སྐད་དུ་པོ་བོ་ཇོ་ཞེས་པའི་བོའུ་ཁུང་ངམ་སྒེའུ་ཁུང་ཕྱི་ལ་རྒྱ་ཆུང་ཡང་ནང་ལ་རྒྱ་ཆེ་བ་ཞིག་འདུག  ནང་ངོས་སུ་འོག་ནས་ཡར་བརྩིས་ན་སྐས་རིམ་དགུ་འདུག  དེ་ནི་མཁར་རྫོང་ནང་གསལ་ཆ་འདྲེན་པའི་ཆེད་དུ་ཁོ་ན་མ་ཡིན་པར། ཉི་འོད་སྒེའུ་ཁུང་ནང་དུ་ཤར་ཏེ་སྐས་རིམ་མི་འདྲ་བ་ལ་ཕོག་ཚུལ་ལས་དུས་ཀྱི་སྔ་ཕྱི་ཚོད་འཛིན་བྱེད་ཐུབ་པའི་ཆེད་དུ་རེད་ཟེར། དེ་ལྟ་བུའི་སྒེའུ་ཁུང་ནི་མཁར་རྫོང་ཁོ་ན་མ་ཚད་པར་གནའ་གྲོང་ནང་ཡར་འཛུལ་སའི་རྩིག་པའི་ངོས་སུའང་གཉིས་གསུམ་སྦྲེལ་ཡོད་པ་མཐོང་རྒྱུ་འདུག  སྒེའུ་ཁུང་ནང་ལོགས་ཀྱི་འོག་ཏུ་སྐས་རིམ་དགུ་ཡོད་པ་དང་། ངག་རྒྱུན་དུ་མཁར་རྫོང་གི་ས་རྡོ་ནི་ཕྱོགས་དགུ་ནས་དྲངས་ཞེས་བཤད་སྲོལ་ཡོད་པར་བལྟས་ན། བོད་མི་ཚོ་ལྟར་གྲངས་ཀ་དགུ་ནི་བཀྲ་ཤིས་པའི་མང་ཚིག་ཏུ་བརྩིས་པ་འདྲ།

      ཁང་པ་དང་མཁར་རྫོང་གི་འཛུགས་སྐྲུན་ནང་མི་རིགས་ཤིག་གི་བློ་གྲོས་རིག་པ་འདུས་ཡོད་པས། རྒྱལ་ཁ་བཀྲ་ཤིས་གླིང་གི་གཟི་བྱིན་འབར་བའི་འཛུགས་སྐྲུན་ལས་སྤྱང་མིའི་མེས་པོ་ཚོས་གནམ་གཤིས་དང་ས་དཔྱད་གཞིར་བཟུང་སྟེ། དངོས་པོའི་ནུས་པ་དང་འོད་ཀྱི་རིག་པ་སོགས་ལ་བརྟེན་ནས་ཡུལ་དུས་དང་འཕྲོད་པའི་འཛུགས་སྐྲུན་བྱས་པའི་སྤོབས་པ་དང་བློ་གྲོས་མཐོང་བ་ནི་ཧ་ལས་དགོས་པ་ཞིག་རེད།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

      རྔ་བ་ཁུལ་གྱི་སྤྱང་མི་ཚོ་ནི་གཙོ་བོ་ལིས་རྫོང་དང་ཁྲི་ཚང་། མའོ་རྫོང་སོགས་ལ་ཡོད་པས་རྒྱལ་ཁ་བཀྲ་ཤིས་གླིང་དང་བྲལ་ཏེ་མའོ་རྫོང་གི་ཧེ་ཧུའུ་སྤྱང་གྲོང(黑虎羌寨)དུ་སོང་བ་ཡིན། མའོ་རྫོང་དང་སྤྱི་ལེ་སུམ་ཆུ་ཙམ་རྒྱང་བའི་ཧེ་ཧུའུ་གྲོང་སྡེའི་མདུན་གྱི་ལུང་པར་ཆུ་བོ་ལྷུང་ལྷུང་དུ་བཞུར་ཞིང་། རྒྱབ་ལ་བྱ་རྒྱལ་ཁྱུང་དང་འདྲ་བའི་རི་བོ་ལྷུན་ཞིང་བརྗིད། གྲོང་པར་ཁང་པ་མཐོན་པོ་མང་པོ་མི་འདུག་མོད། མཐོ་ཞིང་བརྗིད་པའི་མཁར་རྗོང་བདུན་བརྒྱད་ཙམ་འདུག  བཤད་རྒྱུན་དུ་ཧེ་ཧུའུ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་གྲོང་གསེབ་བཅུ་བཞི་ལ་གནའ་སྔོན་མར་མཁར་རྫོང་ཉིས་བརྒྱ་ཙམ་ཡོད་ཀྱང་དེང་སང་བརྒྱད་ཅུ་ཙམ་ལ་ལྷག་མེད་ཟེར། ང་ཚོ་ཧེ་ཧུའུ་གྲོང་མགོར་སླེབས་མ་ཐག་ལྷུན་ཞིང་བརྗིད་པའི་མཁར་རྫོང་གཅིག་ལས་གཅིག་མཐུད་ནས་ཡོད་པ་མཐོང་བྱུང་། མཁར་རྗོང་དེ་ཚོ་ཚང་མའི་ངོས་ཤིག་ལའང་སྒལ་ཚིགས་ཡོད་པ་ཞིག་རེད། དེའི་ནང་ལས་མཁར་མཐོན་པོ་ཟུར་མང་པོ་ཅན་ཞིག་ཡོད་པ་དེ་ལ་མཁར་ཟུར་བཅུ་གཉིས་ཅན་ཞེས་སྐད་གྲགས་ཆེ། ངས་ཡར་འཛེགས་མར་བབ་བྱས་ཏེ་ཡང་ནས་བསྐྱར་དུ་བརྩིས་ཀྱང་ཟུར་བཅུ་ཅན་གྱི་ཐོག་ལ་ངོས་ཤིག་གི་སྒལ་ཚིགས་བསྣན་ན་ཟུར་བཅུ་གཅིག་མ་གཏོགས་མཐོང་མ་བྱུང་བས། ཡུལ་མི་ཚོ་ལ་ཟུར་བཅུ་གཉིས་མ་རེད་བཅུ་གཅིག་རེད་ཅེས་བཤད་ཀྱང་ཚང་མས་ཁས་བླངས་མ་སོང་། དེ་མིན་ཚོ་ནི་ཟུར་བཞི་དང་ངོས་ཤིག་ལ་སྒལ་ཚིགས་ཤིག་ཡོད་པ་མང་ཤོས་རེད། ས་ཆ་དེ་ན་སྡོད་ཁང་དང་མཉམ་དུ་འབྲེལ་བའི་མཁར་ལ་སྤྱང་སྐད་དུ་ནེ་འ་དང་སྡོད་ཁང་དང་མ་འབྲེལ་བར་ཁེར་རྐྱང་དུ་བཞེངས་པའི་མཁར་ལ་ཁྱུང་ལུང་ཞེས་འབོད་ཀྱིན་འདུག  ཧན་ཡིག་རྗེས་མ《后汉书》ཞེས་པའི་ནང་དུ། ཚང་མས་རི་ལ་བརྟེན་ནས་སྡོད། རྡོ་ལས་ཁང་པ་བརྩིགས། མཐོ་ཤོས་ལ་སྨི་སུམ་ཅུ་ལྷག་ཡོད། མིང་ལ་ཁྱུང་ལུང་ཟེར་ཞེས་བཀོད་པ་ལྟར། མཁར་ལ་ཁྱུང་ཞེས་འབོད་པ་ནི་གདོད་མའི་རིགས་རུས་ཁྱུང་དང་ཁྱུང་གི་རིག་གནས་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ།


ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

    གྲོང་པའི་འགྲམ་ན་ཐང་ཞིག་ཡོད་པ་དེ་ནི་གྲོང་མི་ཚོའི་ཆོ་ག་སྒྲུབ་ས་རེད་ཟེར། དེའི་ཟུར་ལ་དམག་དཔོན་ཧེའུ་ཧུའུ(黑虎将军)ལ་རྗེས་དྲན་བྱེད་པའི་ལ་བཙས་ཤིག་བརྩིགས་འདུག  ཁོང་ཚོའི་སྐད་ནང་དུ་ལ་བཙས་ལ་ལ་ཚེ་ཞེས་སྒྲ་གདངས་ཅུང་ཟུར་ཆག་པར་འབོད། ལ་བཙས་ཀྱི་ཐོག་ལ་རྡོ་རིང་ལས་བཞེངས་པའི་ཕོ་མཚན་ཞིག་ཡོད་པ་དེ་ནི་གདོད་མའི་མཚན་མ་ལ་དད་བཀུར་བྱེད་པའི་རྟགས་ཤིག་ཡིན་པ་འདྲ། ཆོ་ག་སྒྲུབ་དུས་ལ་བཙས་དེ་བོན་སྐོར་བྱེད་དགོས་པ་དང་། བུད་མེད་ཚོ་ཞུགས་མི་ཆོག་ཟེར།དམག་དཔོན་ཧེ་ཧུའུ་ལ་རྗེས་དྲན་བྱེད་དགོས་པའི་སྐོར་ལ་འདི་འདྲའི་ངག་རྒྱུན་ཞིག་འདུག་སྟེ། ཆིང་རྒྱལ་རབས་ཀྱི་དུས་སུ་ཆིང་དམག་གིས་ས་ཆ་འདི་ལ་བཙན་འཛུལ་བྱས་པས། ལོ་ན་བཅུ་དྲུག་ལས་སོན་མེད་པའི་ན་གཞོན་གེ་ལུ་ཚང་པོ་ཞེས་པ་དེས་སྤྱང་མི་རྣམས་ཀྱི་སྣེ་ཁྲིད་དེ་ངོ་རྒོལ་བྱས་ཏེ་ཆིང་དམག་རྣམས་མཐར་བསྐྲད་པ་ནས་བཟུང་། སྤྱང་མི་ཚོས་ཁོང་ལ་དམག་དཔོན་ཧེ་ཧུའུ(སྟག་དང་འདྲ་བའི་དམག་དཔོན)ཞེས་བརྩི་བཀུར་བྱས་པས་གྲོང་པའི་མིང་ལའང་ཧེའ་ཧུའུ་ཞེས་ཐོགས་པར་གྲགས། གང་ལྟར་སྤྱང་མི་ཚོ་ལ་ལོ་རྒྱུས་ཐོག་ཀུན་གྱིས་རྗེས་དྲན་བྱེད་འོས་པའི་དཔའ་བོ་སྟག་འདྲ་བ་ཞིག་འཁྲུངས་མྱོང་ཚོད་འདུག་སྟེ། བུད་མེད་ཚོའི་མགོ་ལ་རས་དཀར་པོ་སྟག་མགོའི་བཟོ་དབྱིབས་ལྟར་དཀྲིས་པ་དེ་ནི། དམག་དཔོན་ཧེ་ཧུའུ་ལ་རྗེས་དྲན་བྱེད་པའི་ཆེད་དུ་རེད་ཟེར། མིང་ལའང་དྲན་ཞྭ་སྟག་མགོ་མ་ཞེས་ཀུན་གྱིས་དད་བཀུར་ཚད་མེད་བྱེད་བཞིན་འདུག

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     དེ་མིན་ཧེ་ཧུའུ་གྲོང་པར་སྐྱེས་པ་འགའ་ཡི་མིང་ནི་རྡོ་དང་འབྲེལ་བ་ཡོད་ལ། བུད་མེད་འགའ་ཡི་མིང་ནི་ཤིང་དང་འབྲེལ་བ་ཡོད་པ་ནི། དཀར་མཛེས་ཁུལ་གྱི་སྒོ་ལྕགས་གྲོང་རྡལ་གྱི་འགུ་སྟོད་ས་ཆ་ན་བུད་མེད་ཅིག་ལ་བུ་ཞིག་སྐྱེས་ན། ཨ་མའི་ཚེ་སྲོག་ལ་མི་གནོད་པའི་ཆེད་དུ་རྡོ་ཕ་བོང་ཞིག་མཆོད་གནས་སུ་བཀུར་རྗེས་གེགས་ཐར་ཚེ་ཞེས་པ་དང་། བུ་མོ་ཞིག་སྐྱེས་ན་ཤིང་སྡོང་ཞིག་མཆོད་གནས་སུ་བཀུར་རྗེས་ཤྲིང་པོ་ཚེ་ཞེས་མིང་འདོགས་སྲོལ་ཡོད་མྱོང་བ་དང་གཅིག་པ་རེད་འདུག

    ང་ཚོ་མཁར་རྫོང་གི་འགྲམ་ལ་བསྡད་དེ་ངལ་གསོ་སྐབས། མགོ་ལ་དྲན་ཞྭ་སྟག་མགོ་མ་དཀྲིས་པའི་རྒན་མོ་ཞིག་དེ་ལ་སླེབས་བྱུང་། མོའི་ཆོག་མཆན་ཐོབ་རྗེས་ངས་ཁོང་གི་མགོ་རས་ལ་ཡང་ནས་ཡང་དུ་བལྟས་ཤིང་པར་ལེན་སྐབས། གློ་བུར་དུ་རྒྱབ་ནས་སྙན་ཞིང་འཇེབས་པའི་གླིང་བུའི་སྒྲ་ཞིག་གྲག་བྱུང་། ཁ་འཁོར་ནས་ལྟ་དུས། དེ་ནི་ང་ཚོ་དང་མཉམ་དུ་འོངས་པའི་སྤྱང་མིའི་གླིང་བུའི་རིག་གནས་བརྒྱུད་འཛིན་པ་དེས་བུས་པ་རེད་འདུག


ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     སྤྱིར་གླིང་ཞེས་པ་ནི་བོད་ཀྱི་ས་ཆ་ལའང་ཡོད་ལ། ལིས་རྫོང་གི་སྤྱང་མི་ཚོས་ཀྱང་བོད་སྐད་ལྟར་གླིང་དང་གླིང་བུས་ཞེས་ཟེར། ངས་གླིང་བུའི་རིག་གནས་བརྒྱུད་འཛིན་པ་དེ་ལ་གླིང་བུའི་འབྱུང་ཁུངས་ཇི་འདྲ་ཡིན་ཚུལ་དྲིས་པ་ལ་ཁོང་གིས་འདི་ལྟར་གསུངས། སྤྱང་མིའི་མེས་པོ་ཚོ་ནི་ས་མཐོ་ས་ན་ར་ལུག་འཚོས་ཏེ་བསྡད་པ་ཡིན་པས། སྐབས་འགར་གླག་གིས་རེའུ་དང་ལུ་གུ་བསད། རྗི་བོ་ཚོས་གླག་ལ་འཁོན་ལན་སློག་པའི་ཆེད་དུ་མདའ་འཕངས་ནས་གླག་བསད་རྗེས་དེའི་རྐང་རུས་ལ་ཐག་པ་བཏགས་ཏེ་ར་ལུག་བདའ་དེད་བྱས། རྐང་རུས་དེ་ཡར་གཡུག་མར་གཡུག་བྱེད་དུས་ནང་ལ་རླུང་འཛུལ་ཏེ་སྐད་སྙན་མོ་ཞིག་གྲག་པས། རྫི་བོ་ཚོས་རྐང་རུས་ཀྱི་འཕྲེད་ངོས་སུ་བུ་ག་ཕུག་སྟེ་སྣེ་མོ་ནས་དབུགས་གཏོང་དུས་དེ་ལས་སྐད་སྙན་མོ་གྲག   དེ་ནས་རིམ་བཞིན་དུ་བུ་ག་མང་པོ་ཕུག་སྟེ་རོལ་ཆས་ཤིག་ལ་ཆགས་པ་རེད་ཟེར། དེ་ནི་བོད་ཀྱི་གླིང་བུའི་འབྱུང་ཁུངས་བཤད་པ་དང་མ་བགྲོས་གཅིག་མཐུན་རེད་འདུག་གོ།

     དེ་ཡང་གླིང་བུ་ཞེས་པ་ནི་སྐྱེས་པ་རྣམས་ཀྱི་རོལ་ཆས་ཡིན་ལ། བུད་མེད་ཚོ་ལ་ཝང(口弦)ཞེས་སྨྱུག་མ་ལས་བཟོས་པ་ཞིག་དབྱིས་རིགས་ལ་དར་བས་མ་ཚད། ང་ཆུང་དུས་ཕ་ཡུལ་དུ་བུ་མོ་ཚོ་ཆེས་འབུད་པར་དགའ་བའི་རོལ་ཆས་ཤིག་ཡོད་མོད། ཐེངས་འདིར་སྤྱང་མི་ཚོའི་ཝང་ཞེས་པའི་རོལ་ཆས་དེ་མ་མཐོང་བས་ཚོད་ཚོད་ཀྱིས་འབྲི་མི་རུང་ངོ།།

     ཁམས་ཕྱོགས་ཀྱི་ཕྱག་ཕྲེང་དང་ཉག་རོང་ན་ཡོད་པའི་མཁར་རྫོང་ལས་གཙོ་བོ་གྱང་མཁར་ཡིན་པ་ལྟར། རྔ་བ་ཁུལ་གྱི་ཁྲི་ཚང(汶川)རྫོང་གི་ཁོངས་སུའང་གྱང་མཁར་ཡོད་ཚུལ་གོ་བས། ཞོགས་པ་སྔ་མོ་ནས་རྫོང་དང་ཐག་ཉེ་བའི་དམུ་བ་གྲོང་སྡེ་ན་སོང་། གྲོང་སྡེ་དེ་ནི་རི་སྐེད་དུ་ཆགས་འདུག  དམུ་བ་ཞེས་པ་ནི་སྤྱང་སྐད་དེ་གནམ་དང་ཐག་ཉེ་བའི་དོན་རེད་ཟེར་བས་ངས་དམུ་ཐག་གི་དམུ་བྲིས་པ་ཡིན་ཏེ། དམུ་ནི་བོད་སྐད་ནང་དུ་བརྡ་རྙིང་པ་ཞིག་སྟེ་གནམ་ལ་འཇུག་པས་མ་ཚད་འཇང་སྐད་དང་དབྱིས་སྐད། སྤྱང་སྐད། རྒྱལ་རོང་གི་སྐད་དུའང་གནམ་ལ་དམུ་ཞེས་འབོད་ཀྱིན་འདུག

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)

     དམུ་བ་གྲོང་པའི་ནང་དུ་གནའ་སྔོན་མར་གྱང་མཁར་མང་པོ་ཡོད་མྱོང་མོད། དེང་སང་ཆག་འཇིག་མ་སོང་བ་གསུམ་དང་ཞིག་རོ་གཉིས་ཙམ་ལས་ལྷག་མི་འདུག  ས་ཆ་དེ་ན་རྡོ་ཉུང་ངུ་ལས་མེད་པས་སྤྱང་མི་ཚོས་ས་དེ་གའི་དངོས་ཡོད་གནས་ཚུལ་ལ་བརྟེན་ཏེ་ས་ལས་གྱང་མཁར་བརྡུངས་པ་རེད་འདུག  མི་རྒན་ཞིག་གིས། གནའ་སྔོན་མར་གྱང་རྡུང་དུས་ལེན་པའི་གྱང་གླུ་ཡོད་མྱོང་ཚུལ་གོ་མྱོང་ཟེར་བ་ཙམ་ལས། དེང་སང་གྱང་གླུ་ལྟ་ཞོག་སྤྱང་སྐད་ཤེས་མཁན་ཡང་མེད་ཚོད་རེད།  དུས་ཀྱི་འཕོ་འགྱུར་ནང་དུ་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ལ་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད་པ་ནི་ཆོས་ཉིད་ཅིག་ལགས་མོད། མི་རིགས་དེའི་སེམས་ཁམས་ལ་ཕན་ཐོགས་པའི་ཆ་རྣམས་མ་བསམས་ས་ནས་མུ་ནས་མུ་རུ་སྤེལ་བཞིན་ཡོད་པ་ལས། ང་ཚོས་མི་རིགས་དེའི་ལོ་རྒྱུས་ཀྱི་རིག་གནས་ཆ་ཤས་མཐོང་ཐུབ་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་བྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག་ཅེས་བསྐུལ་བ་ལྟར། ངས་ཀྱང་ལ་ལུང་མང་པོ་བརྒལ་ཏེ་ཡུལ་དངོས་སུ་སོང་ནས་སྤྱང་མི་ཚོའི་ལོ་རྒྱུས་ཀྱི་ཁུངས་སྣེ་ཞིག་ཨེ་རྙེད་བལྟས་པ་དང་། ཁུངས་སྣེ་དེ་ལས་གནའ་ནས་ཆགས་པའི་མི་རིགས་བར་གྱི་འདྲ་བའི་ཆ་རྣམས་མ་གསང་དྲང་པོར་བཤད་ཡོད་པས། ཁྱེད་ཚོས་གོམ་པ་ཕྱི་རུ་སྤོ་མ་དགོས་པར་ཁང་པའི་རྒྱ་མཐོངས་ནས་ནམ་མཁའི་ཟུར་ཞིག་མཇལ་སྲིད་མོད། རང་ཕྱོགས་མ་གཏོགས་སུའང་ཁས་མི་ལེན། གང་ལའང་ཡིད་མི་ཆེས་པར་གཞན་ལ་ཐུར་བཤད་དང་རང་ལ་གྱེན་བཤད་བྱེད་པར་མོས་པའི་རིག་གནས་པ་ཚོ་ཡིས། ངོ་མདོག་ལ་བལྟས་པ་ཙམ་གྱིས་དོན་ལྔ་སྣོད་དྲུག་ཅེས་ལ་གཏམ་ལུང་གཏམ་མ་གནང་རོགས་ལགས།།

ལོ་རྒྱུས་ཀྱི་ཁུགས་སོ་ན་གནས་པའི་སྤྱང་མི་ཚོ། (ཆའང་རིགས)


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1