གཙོད་ཁྱུའི་གནས་སྤོ་དང་གཙོད་ཕྲུག་བཙའ་བའི་འགྲུལ་བཞུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-10



           ཉེ་ཆར།  ཁྱད་ཐོན་གཙོད་མ་ཁག་དང་པོ་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ་འགྲམ་རྒྱུད་ཀྱི་སྲོག་ཆགས་ཀྱི་གནས་སྤོའི་བཞུད་ལམ་བརྒྱུད་དེ་མུ་མཐུད་དུ་གཙོད་ཕྲུག་སྐྱེ་ས་སྟེ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོར་བསྐྱོད་ཅིང་།  གཙོད་ཕྲུག་བཙའ་བའི་འགོ་ཚུགས་པ་རེད། 

           ཟླ5པའི་ཚེས2ཉིན།  ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ནས་གཙོད་ཕྲུག་བཙའ་ལ་ཉེ་བའི་གཙོད་མ་ཁག་གཅིག་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ་འགྲམ་རྒྱུད་ཀྱི་སྲོག་ཆགས་ཀྱི་གནས་སྤོའི་བཞུད་ལམ་བརྒྱུད་དེ་གཙོད་ཕྲུག་སྐྱེ་ས་སྟེ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོར་འགྲོ་བ་མཐོང་། སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཕུར་མཚོ་ཚེ་རིང་གིས་མཚམས་སྦྱོར་བྱས་དོན། གཙོད་ཁྱུ་ཁག་གཅིག་མཚོ་བོད་གཞུང་ལམ་བརྒྱུད་ནས་འགྲོ་བ་མཐོང་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་མཚོ་བོད་ལྕགས་ལམ་ལ་གནས་སྐབས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་ཡིན་ཞེས་བཤད། 

           ཕུར་མཚོ་ཚེ་རིང་གིས་བཤད་རྒྱུར། “ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད11ཡས་མས་སུ།  ཟམ་པའི་ཕ་རོལ་དུ་གཙོད་ཁྱུས་གནས་སྤོ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག འདི་ནི2021ལོའི་གཙོད་ཁྱུ་ཁག་དང་པོ་ཡིན་ཞིང་།  དེ་ནི་ལོ་སྔོན་མ་ལས་ཉིན་གཅིག་གཉིས་ཀྱིས་དལ་འདུག  2020ལོར་ཟླ4པའི་ཚེས30ཉིན་གཙོད་ཁྱུ་ཁག་དང་པོ་གནས་སྤོ་བྱས་པ་དང་།  2021ལོའི་གཙོད་ཁྱུ་ཁག་དང་པོ་ནི་ཟླ5པའི་ཚེས2ཉིན་གྱི་ཉིན་གུང་གནས་སྤོ་བྱས་ཤིང་། ང་ཚོས་མཚོ་བོད་གཞུང་ལམ་གྱི་གནས་འདིའི་ས་ཁུལ་དུ་དུས་ཚོད་ཕྱེད་ཀ་ལྷག་གི་རིང་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་། ཕལ་ཆེར་གཙོད250ལྷག་ཙམ་གནས་སྤོ་བྱས”ཞེས་བཤད།

           གཙོད་ཁྱུ་གནས་སྤོ་བྱེད་པ་ནི་གོ་ལ་ཧྲིལ་པོའི་སྟེང་དུ་རྨིག་ཐོགས་སྲོག་ཆགས་གནས་སྤོ་བྱེད་པའི་ཁྲོད་ནས་ཆེས་བརྗིད་ཉམས་ལྡན་པ་ཞིག་ཡིན་ཞིང་། ལོ་རེའི་ཟླ5པ་ནས་ཟླ7པའི་བར་དུ།  མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་དང་། བོད་ལྗོངས་བྱང་ཐང་། ཤིན་ཅང་ཨ་ཆེན་རི་བོ་སོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ནས་ཡོང་བའི་གཙོད་ཁྲི་ཕྲག་ལྷག་ཨ་ཆེན་གངས་རྒྱབ་ཏུ་གཙོད་ཕྲུག་སྐྱེ་བར་གནས་སྤོ་བྱེད་ཅིང་།  ཟླ8པར། གཙོད་མས་གཙོད་ཕྲུག་ཁྲིད་ནས་ཕྱིར་རང་སོ་སོའི་འཚོ་གནས་བྱེད་ཁུལ་དུ་གནས་སྤོ་བྱེད་པ་ཡིན།

           མིག་སྔར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་དང་། ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ལམ་རྒྱུད་ཀྱི་སྲུང་སྐྱོབ་ས་ཚིགས་ལ་ལྟ་སྲུང་དང་བདག་སྐྱོང་ནན་མོ་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ། གནས་སྐབས་སུ་འགྲིམ་འགྲུལ་བཀག་སྡོམ་དང་། རླངས་འཁོར་གྱི་དུང་སྒྲ་གྲགས་པ་བཀག་འགོག་དང་། སྐོར་སྲུང་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་བཀོལ་ནས་གཙོད་མ་གནས་སྤོ་བྱེད་པར་བར་ཆད་མི་ཐེབས་པར་བྱས།

           ཕུར་མཚོ་ཚེ་རིང་གིས་མཚམས་སྦྱོར་བྱས་དོན། “ཉིན་མོར་སྐོར་སྲུང་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་བ་ཡིན་ལ་གཙོ་བོ་ལྟ་ཞིབ་བྱེད་དགོས། གཙོད་ཁྱུ་མཚོ་བོད་གཞུང་ལམ་དང་ཉེ་བར་བཅར་དུས་སུ། ང་ཚོས་འགྲིམ་འགྲུལ་ལ་བཀག་སྡོམ་སྟབས་བདེ་རེ་བྱས་པ་ཡིན། མཚམས་ལན་རེར་དུས་ཚོད་ཅུང་རིང་དུས་ཆུ་ཚོད་གཉིས་ཡས་མས་འགོར་བ་དང་། དེ་ནས་གཙོར་ཁྱུ་གནས་སྤོ་བྱས་ཚར་ངེས། གཙོད་ཁྱུ་མཚོ་བོད་ལྕགས་ལམ་གྱི་འགྲམ་དུ་སླེབས་ཚེ་གནས་སྤོ་བྱས་པ་ཅུང་མགྱོགས་ཤིང་། སྐབས་ལན་རེར་སྔ་དྲོ་ཁག་གཅིག་དང་། ཉིན་གུང་ཁག་གཅིག  ཕྱི་དྲོར་ཡང་ཁག་གཅིག་བཅས་ཡོད་སྲིད”ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1