གཙོ་ངོས།>> གླིང་སྒྲུང་།>>སྒྲུང་།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༠ཉིན།

༄༅།།དཔའ་ལྷ་སེང་སྟག་ཨ་དོམ་གྱིས་ཧོར་གུར་དཀར་ལ་བླངས་པའི་གླུ།

    གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་ཨ་ལ་ལ་མོ་ཨ་ལ་ལེན། །དབང་དྲག་བསེ་མཁར་དམར་པོ་ནས། །གཉན་སྟག་བེག་རྩེ་དམག་གི་ལྷ། །དོན་བདེན་པའི་གླུ་ལ་ལེན་རོགས་མཛོད། །མེ་རླུང་འབར་བའི་སྐུ་མཁར་ནས། །གནམ་སྨན་དབང་ཕྱུག་ཟུ་ལེ་མ། །སྙན་པའི་ངག་ལ་འགུག་རོགས་མཛོད། །སྲིད་པ་འཕྲུལ་གྱི་གཞལ་ཡས་ནས། །སྲོག་བདག་ལི་བྱིན་ཧ་ར་ལེགས། །རྡོ་རྗེའི་ཚིག་ལ་གཅོད་རོགས་མཛོད། །ལྷ་གཉན་ཀླུ་ཡི་དགྲ་ལྷའི་ཚོགས། །གེ་སར་རྒྱལ་པོའི་བསྟན་སྐྱོང་རྣམས། །སྨུག་པོ་ལྡོང་གི་བྱ་ར་མཛོད། །ས་འདིའི་ས་ངོ་མ་ཤེས་ན། །ཨ་ཆེན་ཐང་སྟོང་དམར་མོ་ནས། །འབུམ་པའི་ཁྲབ་རྫོང་ཁ་སྒོ་རེད། །ང་དང་ང་ངོ་མ་ཤེས་ན། །གླིང་ས་མཐོང་བ་ཀུན་སྨོན་ནས། །ཡ་མེད་སེང་སྟག་ཨ་དོམ་ཡིན། །སེང་ཆེན་རྒྱལ་པོའི་བཀའ་བློན་ཡིན། །ལྷ་རྒྱུད་དཀར་པོའི་དཔའ་ཕྲུག་ཡིན། །ཡ་རྩེའི་མཁར་གྱི་ཡང་ཐོག་ནས། །བེར་དམར་ནང་བཅུད་གུར་དཀར་ཁྱོད། །ཉོན་དང་གླུ་ལ་དོན་འབྲས་ཡོད། །གླིང་ཐང་ཨ་ཕྱི་དཀར་པོ་ནས། །སྒར་འཛིན་དུས་འཕྱི་བའི་ཨ་ཁུང་འཛུལ། །ལམ་གཤགས་ན་རང་ཉིད་རྙང་ཁུ་ལུགས། །དེ་རིང་བེར་དམར་ངོ་རེ་ཚ། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །བྱ་ཁྭ་ཏས་ཅི་བྱེད་བརྒྱ་སྡེས་ཤེས། །འབབ་ས་མཐོ་ན་ཨག་འགྱུར་རྒྱག། སྣང་བ་མཐོ་བས་ལན་དོ་ཟེར། །གུར་དཀར་རྒོད་ཞན་གླིང་རུས་ཤེས། །གབ་ས་བཙན་ན་ལྡིང་འགྲོས་རྒྱག། བློ་ཁ་ལྷོད་པས་ལན་ནོ་ཟེར། །དཔེ་དེ་དང་ཁྱད་པར་ག་ན་ཡོད། །ཝ་མོ་སྡར་བྲོས་ས་ཁུང་འཛུལ། །བཙན་ལ་དེ་ཕན་མེད་བསམ་སྟེ། །ཁྱི་ལུད་དྲི་མས་བདུག་པ་ན། །དཔའ་སྡར་ལྟད་མོ་མཐོང་ནས་འོང་། །འབུམ་དམག་གླིང་ལ་ཕབ་ཚུན་ནས། །དེ་རིང་སྔ་དྲོ་ཡན་ཆད་ལ། །ལྟོ་ཟོས་བཅུད་ལ་ཨེ་སོང་ལྟོས། །མཚན་གཉིད་བདེ་ལ་ཨེ་ཁུག་ལྟོས། །སེམས་སྡར་ཆུ་ལ་བྱས་བྱས་ནས། །རྒྱལ་བློན་བླ་ཚེ་སྐམ་ལ་ཁད། །འབུམ་དམག་བཅུ་གཉིས་སྙིང་བཅུད་ལ། །གུར་དཀར་གུར་ནག་ཆོས་དར་གསུམ། །རྨེ་རུ་རྩེ་དང་མཆོང་ལྷ་ལྔ། །ཁྲ་འབར་རི་བོ་པང་འཁོར་བདུན། །ཐང་རྩེ་གཡུ་འབྲུག་བརྒྱད་ལས་མེད། །དེ་མིན་གར་སོང་གུར་དཀར་ཤེས། །མཐོང་སྨོན་ཞལ་ལུ་རོང་ཚ་དང་། །གཡུ་སྟག་གཟིག་འཕེན་ཨ་བརྟན་ལྔ། །དེ་མིན་གར་ཡོད་ཨ་ཕོས་ཤེས། །ད་ལྟ་བཙན་མཁར་ཡང་ཐོག་ནས། །སྙིང་སྟོབས་མེད་ཀྱང་ཞེ་རྩེ་ལྷོད། །དཔའ་དཔུང་མེད་ཀྱང་སྣང་གཡེར་ཆེ། །ཐར་བསམ་ཡིད་ལ་ཨེ་ཤར་ཏོ། །དེ་ལྟའི་རྒྱལ་མཆོག་གེ་སར་དཔོན། །ལོ་གཉིས་ཚུན་ལ་ཕེབས་ཏེ་འོང་། །མཐོང་སྨོན་དཀར་པོའི་དཔའ་རྟུལ་ནས། །ཞལ་ལུ་སྐུ་ཚེ་མ་འཁྱོལ་ཀྱང་། །ད་དུང་རྒོད་རྒྱུད་ཆད་པ་མེད། །ཆེ་བཙན་སྟག་མོའི་འཛུམ་རིས་ལ། །གསེར་བའི་ལྷ་དར་དགུང་ནས་གྲགས། །ངར་རྒོད་དུག་གི་སྤུ་གྲི་ལ། །འབུམ་པའི་དར་འཕེན་དབུ་འཕང་མཐོ། །ཁྱུང་ཆེན་གཤོག་སྒྲོ་ཡར་རྒྱས་ལ། །སྣང་ཆུང་སྤུན་གཉིས་སྐུ་ཁམས་བདེ། །སེང་ཕྲུག་ནུ་ཞོ་འཐུང་མི་ལ། །སྣང་རྒྱས་དཀར་པོ་ཡབ་དང་མཉམ། །ཉག་ཕྲན་ཐོག་གི་ཁ་ལོ་ལ། །འདན་རྒོད་སྔར་ལས་ད་ལྟ་བཟང་། །ལེབ་ཆེན་ཤན་གྲིའི་རྩེ་ཡ་ལ། །དོམ་བུའི་སེམས་རྩེའི་ཇེ་ངར་རེད། །གནམ་ལྕགས་སྒྱོགས་ཀྱི་ལྡེ་མིག་ལ། །ཆོས་སྐྱོང་བེར་ནག་ལྷ་ངོ་མཐོ། །དཔའ་བོའི་རྒྱབ་ཀྱི་དཔུང་ཡ་ལ། །བདུད་གླིང་ཤ་ཟ་དཀར་ནག་སྡེབས། །གནམ་སྐར་ས་རྡུལ་དཀྲིགས་འདྲ་ཞིག །ཨ་ཆེན་ཐང་ལ་མ་བྱུང་ན། །གེ་སར་མིན་པའི་རྟགས་ལ་ཞོག །གླིང་ཕྲུག་དཔའ་བོ་མིན་པའི་རྟགས། །ད་དུང་དེ་ཡི་མི་ཚད་པའི། །གངས་དཀར་སྤ་ལོར་ལམ་ནག་བཏོད། །ཐང་དམར་ལེབ་ཆེན་རྟ་བྲོ་བརྡུངས། །རྩིབས་སྟོང་ཐལ་བ་རླུང་ལ་འཕྱར། །འཕྲོ་ལུས་ཤན་པའི་མགོ་སྐེ་ཕྲལ། །རྒྱལ་པོ་གུར་དཀར་གཉའ་སྒ་སྤྲོད། །སྦོ་ནས་བཤའ་ཞིང་སྒལ་ནས་གཏུབ། །མིག་ཚིལ་འབྲུ་ཞིང་རྒྱུ་མ་འཐེན། །ལྷུ་དུམ་ཕྲལ་ནས་གསོན་སྙིང་འདོན། །གཙག་གྲིས་གཤག་ཅིང་སྟེའུས་གཞོག །ཚྭ་ཆུས་བྱུགས་ཤིང་སྡུག་ཤིར་གསོད། །རྒྱལ་རྒྱུད་རྩ་བ་གཏིང་ནས་བསྐམ། །རྒྱལ་མཐའ་འཇག་མས་ཤུགས་གླུ་ལེན། །ཁྲག་ཤུལ་ཆུ་ཡིས་བཤལ་འདྲ་ཞིག །ཨ་ཆེན་འབུམ་ཤོག་བཅུ་གཉིས་པོ། །བྱུང་མལ་སྟོན་རྒྱུ་མེད་པ་བཟོ། །གུར་དཀར་གནམ་ལ་འབྲོས་སྲིད་ན། །གླིང་རུ་གཤོག་པ་མེད་ཀྱང་འདེད། །གཤོག་དྲུག་སེང་ཆེན་རྒྱལ་པོ་ཡིན། །གུར་དཀར་ས་འོག་འཛུལ་སྲིད་ན། །གླིང་ལ་སྡེར་མོ་མེད་ཀྱང་རུང་། །ཆུ་སྲིན་སྡེར་མོ་གེ་སར་ཡིན། །སྟོང་གཏམ་མ་ཡིན་ལག་ལེན་འདེབས། །བདེན་ངེས་ཤཱཀྱ་མུ་ནེ་དཔང་། །ཉི་མ་དེ་ལ་མ་འཁྱོལ་བར། །ཤ་དམར་ཟོས་ཚད་ཤི་ཟས་གྱིས། །ཆང་སྐྱུར་འཐུང་ཚད་ཤུ་ཆུ་གྱིས། །ཕག་རྒོད་དོང་ལ་གསོས་འདྲ་གྱིས། །ཚིལ་བུས་ཁེངས་ན་བཤའ་རན་ཡིན། །གུར་དཀར་རྩིབས་སྟོང་སྦུགས་ན་ཉལ། །དུར་ས་མལ་དུ་བྱེད་རྒྱུ་ཡིན། །དེ་རིང་དཔོན་བློན་དྲུག་པོ་འདི། །ས་འདིར་སླེབས་དེ་བྱས་བལྟ་རྒྱུ་ལ། །མདའ་གཅིག་གསེར་འཕྲུའི་རྩེ་ལ་རྒྱག །གནམ་ཐེལ་མགོ་མཇུག་བསྒྱུར་བའི་རྟགས། །མདའ་གཅིག་རྔ་ཐུག་རྩེ་ལ་རྒྱག །བར་ཐེལ་དམ་ལ་བཏགས་པའི་རྟགས། །མདའ་གཅིག་པད་ཁའི་མཚམས་ལ་རྒྱག །ས་ཐེལ་ཨར་ལ་གཏོད་པའི་རྟགས། །མདའ་གཅིག་རབ་གསལ་མེ་ལོང་གཏོར། །གུར་དཀར་བླ་ཚེ་བསྐམས་པའི་རྟགས། །མདའ་གཅིག་ཁང་བཟང་ནང་ལ་རྒྱག །གུར་དཀར་སྲོག་སྙིང་ལེན་པའི་རྟགས། །མདའ་གཅིག་སྒོ་ཡི་དཀྱིལ་ལ་རྒྱག ། ཧོར་ཨ་ཆེན་ཐང་སྟོང་བྱེད་པའི་རྟགས། །དེ་ཚོ་ཡིད་ཀྱི་གཏིང་ལ་ཞོག །གོ་ན་སྙིང་གི་འཛེར་མ་གྱིས། །མ་གོ་རྣ་བའི་ཟུར་དུ་ཞོག ། ཁྱི་ནག་པོའི་ཡིད་ལ་དེ་འདྲ་ཞོག ། ཅེས་གླུ་དེ་ལྟར་བླངས་པའི་མཇུག་རྫོགས་པ་དང་ལྷན་དུ་དཔོན་བློན་དྲུག་གིས་མདའ་རེ་རེ་བརྒྱབ་བྱུང་བ་ན། གུར་དཀར་དཔོན་གཡོག་རྣམས་མགོ་དམའ་ཞུམ་ཞུམ་པུ་ཤུའི་ཕག་ལ་ཡིབས་ནས་བསྡད་པར་གདའ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1