༄༅།། ད་ལོའི་མཐོ་རྒྱུགས་ཀྱི་འགྱུར་ལྡོག་གསར་བ་འདི་དག་ཤེས་པར་གྱིས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-11



        སྤྱི་ཟླ་5བའི་ཚེས9ཉིན་ནས་བཟུང་། 2021ལོའི་མཐོ་རྒྱུགས་ལེན་པའི་བར་མཇུག་མཐའི་ཉིན་28ཀྱི་ལྡོག་རྩིས་རྒྱག་པའི་སྐབས་ལ་སླེབས་པ་དང་། སློབ་མ་ཚོ་ཡང་མཐའ་མའི་ནུས་ཤུགས་འདོན་པའི་དུས་མཚམས་སུ་སླེབས་ཡོད་པ་རེད། ད་ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུ་མུ་མཐུད་དུ་དབུས་ནུབ་རྒྱུད་དང་གྲོང་གསེབ་སོགས་ས་ཁུལ་ལ་ཕྱོགས་ལྷུང་བྱ་རྒྱུ་ཡིན་པ་དང་། མིང་ཐོ་འགོད་པའི་གནས་ཚུལ་ལ་བལྟས་ན། ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་མི་གྲངས་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད། གཞན་ཡང་། ཞིང་ཆེན་དང་གྲོང་ཁྱེར་8ཀྱིས་མཐོ་རྒྱུགས་གསར་བའི་ཡིག་རྒྱུགས་ཐེངས་དང་པོ་བསུ་རྒྱུ་ཡིན་པ་རེད།

    ན་ནིང་རིམས་ནད་སྔོན་འགོག་ཚོད་འཛིན་རྐྱེན་གྱིས་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ་བ་གཅིག་ལ་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད། ད་ལོའི་སྤྱི་ཟླ་2པར། སློབ་གསོ་པུས༼2021ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ༽དཔར་འགྲེམ་བྱས་ནས། 2021ལོའི་མཐོ་རྒྱུགས་སྤྱི་ཟླ6པའི་ཚེས7ཉིན་ལེན་འགོ་བརྩམ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད།
    སྤྱི་ཟླ་6པའི་ཚེས་7ཉིན། 9:00—11:30 སྐད་ཡིག 15:00—17:00 གྲངས་རིག
    སྤྱི་ཟླ་6པའི་ཚེས་8ཉིན། 9:00—11:30 རིག་ཚན་ཕྱོགས་བསྡུས། རྩིས་ཚན་ཕྱོགས་བསྡུས། 15:00—17:00ཕྱི་སྐད།
    ཕྱི་སྐད་ཐོས་ནུས་ཡིག་ཚད་ཀྱི་ནང་དོན་ཡོད་ན་ཕྱི་སྐད་ཡིག་རྒྱུགས་མ་བླངས་གོང་ལེན་དགོས། ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ཁག་གི་ཡིག་རྒྱུགས་ཚན་ཁག་གི་མིང་དང་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་ཚན་ཁག་གི་མིང་མཚུངས་པ་རྣམས་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་དུས་ཚོད་དང་བཀོད་སྒྲིག་གཅིག་མཚུངས་བྱེད་དགོས།
   སློབ་བསྡུ་མུ་མཐུད་དུ་དབུས་ནུབ་རྒྱུད་དང་གྲོང་གསེབ་སོགས་ས་ཁུལ་ལ་ཕྱོགས་ལྷུང་བྱ་རྒྱུ།
    དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། སློབ་གསོ་པུས་ད་ལོའི་ཟླ་4བར་བཀོད་སྒྲིག་བྱས་དོན། 2021ལོར་མུ་མཐུད་དུ་གྲོང་གསེབ་དང་དེ་སྔའི་དབུལ་ཕོངས་ས་ཁུལ་ལ་ཁ་ཕྱོགས་ནས་གཙོ་གནད་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཆེད་དོན་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། ཆེད་དོན་འཆར་གཞིའི་ལག་བསྟར་ས་ཁོངས་དང་མིང་ཐོ་འགོད་པའི་ཆ་རྐྱེན། བསྡུ་ལེན་བྱེད་ཐབས་སོགས་འབྲེལ་ཡོད་སྲིད་ཇུས་ལ་འགྱུར་བ་མེད་པ་གཏན་འབེབས་ཁ་གསལ་བྱས་ཡོད།
    གཞན་ཡང་། སློབ་གསོ་པུས་སྤྱི་ཟླ་2པར་འགྲེམ་སྤེལ་བྱས་པའི༼2021ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ༽ཡི་ནང་དུ་ཡང་། མུ་མཐུད་དུ་རྒྱལ་ཁབ་ཀྱིས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་སློབ་བསྡུའི་རོགས་ལས་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། སློབ་མའི་ཁ་གྲངས་དང་སློབ་གྲྭའི་སློབ་གཉེར་ཆ་རྐྱེན། མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། མུ་མཐུད་དུ་སློབ་བསྡུའི་འཆར་གཞི་མང་དུ་གཏོང་རྒྱུ་དེ་དབུས་ནུབ་རྒྱུད་ས་ཁུལ་དང་རྒྱུགས་ཞུགས་སློབ་མ་མང་བའི་ཞིང་ཆེན་ལ་ཕྱོགས་ལྷུང་བྱ་རྒྱུ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གཏན་འབེབས་གསལ་བོ་བྱས་ཡོད།
    དེ་མིན་ཡིག་ཆ་དེར་གཞིགས་ན། མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་ཐོབ་ཐང་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་དང་། སློབ་མའི་ཐོ་ཁུངས་དང་སློབ་ཁུངས། དོན་དངོས་སློབ་ཞུགས་གནས་ཚུལ་བཅས་ལ་ཞིབ་བཤེར་ནན་མོ་བྱས་ཐོག ནུས་ལྡན་བྱེད་ཐབས་སྤྱད་ནས“མཐོ་རྒྱུགས་གནས་སྤོས་མི་སྣའི”གནད་དོན་རྩ་ལག་མཉམ་བཅོས་བྱ་རྒྱུ་དང་། མཐོ་རྒྱུགས་སློབ་བསྡུའི་སྒྲིག་སྲོལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1