བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་སྤྱིའི་གྲངས་ཀ140ཟིན་ནས་གྲོང་ཁྱེར66ལ་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-14



         ཟླ5པའི་ཚེས10ཉིན། བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས།—དབྱི་ཁྲང་།—སན་ཡ་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་དང་བསྟུན་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་སྤྱིའི་གྲངས་ཀ140རུ་ཟིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་་ན། ཟླ3པའི་ཚེས28ཉིན་ལ་དབྱར་སྟོན་གྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྔ་རྗེས་སུ་ལྷ་ས།—མེན་དབྱང་།—ཝུན་ཀྲོའུ་བར་དང་། ལྷ་ས།—ཐའེ་ཡོན།—ཧའར་པིན་སོགས་བར་གྱི་མཁའ་ལམ་ཤར་གཏོང་བྱས་ཤིང་། ཐེངས་འདིར་ཤར་གཏོང་བྱས་པའི་མཁའ་ལམ་ནི་ལྷ་ས།—དབྱི་ཁྲང་།—སན་ཡ་བར་ཡིན་པ་དང་། དེ་ནི་ཧོ་པེ་ཞིང་ཆེན་ནང་ཁུལ་གྱི་ཡན་ལག་ལམ་ཐིག་གི་གནམ་ཐང་དུ་ལྷ་སའི་མཁའ་ལམ་ཐོག་མ་གཏོད་པ་ཡིན། དེར་བརྟེན་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར66ལྷག་ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

ལྷ་སའི་གུང་དཀར་གནམ་ཐང་།
         ད་ལོ་ནས་བཟུང་། རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་བསྟུད་མར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། རྒྱལ་ནང་གི་ཡུལ་སྐོར་ལས་རིགས་ཁྱོན་ཡོངས་ནས་སླར་གསོ་བྱུང་ཞིང་། ཟླ1པོ་ནས་ཟླ4པའི་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་འབབ་འཕུར་གྱི་ཚད་དང་། འགྲུལ་པའི་གྲངས་ཀ ཟོག་འདྲེན་འཕྲིན་སྐྱེལ་གྱི་གྲངས་ཀ་སོ་སོ་འཕུར་ཐེངས18486དང་། མི་ཐེངས་ཁྲི185.5དང་།  ཏུན15077ཡིན་པ་དང་། དེ་དུས་མཚུངས་དང་བསྡུར་ན57.1%དང་། 79.1%དང་།  44.1%རུ་འཕར་ཡོད། བོད་ལྗོངས་སུ་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་བའི་དུས་སུ་སླེབས་པ་དང་ལྷ་སའི་གུང་དཀར་གནམ་ཐང་གིT3གནམ་གྲུའི་ས་ཚིགས་ཐོག་ཁང་བེད་སྤྱོད་བྱས་པ་དང་བསྟུན་ནས། སྔོན་དཔག་བྱས་ན2021ལོའི་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“མི་དམངས་མཁའ་འགྲུལ་གྱིས་མི་དམངས་ཀྱི་ཆེད་དུ”ཞེས་པའི་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས་མཁའ་ལམ་གྱི་བཀོད་སྒྲིག་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་བ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མཁའ་ལམ་དང་ཡུལ་སྐོར་མཁའ་ལམ་ཚ་ཤོས་ཇེ་མང་དུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཕྱི་རུ་བསྐྱོད་པ་དང་རྒྱལ་ཡོངས་ས་གནས་སོ་སོའི་ཡུལ་སྐོར་བ་བོད་ལྗོངས་སུ་ཡུལ་སྐོར་དུ་འགྲོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད། རིམ་པ་རྗེས་མར་དམངས་སྤྱོད་མཁའ་འགྲུལ་གྱི་བོད་ལྗོངས་ས་ཁུལ་ཅུས་ཀྱིས་མུ་མཐུད་དུ་ཡུལ་སྐོར་བའི་ཞབས་ཞུ་ལེགས་པོར་བསྒྲུབས་ནས་རྒྱ་ཆེའི་ཡུལ་སྐོར་བར་བདེ་འཇགས་དང་། བདེ་ལེགས་ངང་ཕྱིར་སྐྱོད་བྱ་བར་སྐུ་སྲུང་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1